གཅན་ཚ་རྫོང་སྣང་རའི་སྟོང་དཔོན་གཞིས་ཀ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ལས་ཁུངས་སྐོར་བརྒྱད་པའི་མིང་ཐོ་ནང་དུ་ཚུད།
ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐོར་བརྒྱད་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་མིང་ཐོ་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱལ་ཡོངས་ནས་བསྡོམས་པས་རིག་དངོས་སྲུང་སྐྱོང་ལས་ཁུངས762ལ་ཆོག་མཆན་བཀོད་ནས་ཁྱབ་བསྒྲགས་བྱས། གཞན་ལས་ཁུངས50ལ་དེ་སྔར་གཏན་འབེབས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་རིག་དངོས་སྲུང་སྐྱོང་ལས་ཁུངས་དང་ཟླ་སྒྲིལ་བཏང་། དེའི་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་རིག་དངོས་ལས་ཁུངས་5ཡོད་པ་དང་། གཅན་ཚ་རྫོང་གི་རིག་དངོས་ལས་ཁུངས1དེའི་ནང་དུ་ཚུད་ཡོད།
གཅན་ཚ་རྫོང་གི་སྐོར་བརྒྱད་པའི་རྒྱལ་ཁབ་གཙོ་གནད་རིག་དངོས་ལས་ཁུངས་སུ་ཚུད་པའི་སྣང་རའི་སྟང་དཔོན་གཞིས་ཀ་ནི་སྤྱི་ལོ1948ནས1950ལོའི་བར་འཛུགས་སྐྲུན་བྱས་པ་དང་དེ་ནི་ཉེ་དེང་གི་ལོ་རྒྱུས་ཀྱི་རྗེས་ཤུལ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཙོ་གནད་རིག་དངོས་ལས་ཁུངས་སུ་ཚུད་པ་དེས་གཅན་ཚ་རྫོང་དུ་རྒྱལ་ཁབ་གཙོ་གནད་རིག་དངོས་སྲུང་སྐྱོང་ལས་ཁུངས་ཡོད་པ་མངོན་འགྱུར་བྱས། ཉེ་བའི་ལོ་འགའི་རིང་ལ་རྫོང་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་བྱ་བར་གྲུབ་འབྲས་མི་དམན་པ་བླངས།
རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ལས་ཁུངས་ནི་ཀྲུང་ཧྭའི་ཤེས་རིག་གི་ཕུལ་བྱུང་འཐུས་ཚབ་དང་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། འགུལ་མིན་རིག་དངོས་ཀྱི་སྲུང་སྐྱོང་རིམ་པ་མཐོ་ཤོས་ཡིན། རྗེས་མར་གཅན་ཚ་རྫོང་གིས་མུ་མཐུད་དུ་“སྲུང་སྐྱོབ་གཙོ་བོ་དང། མྱུར་སྐྱོབ་དམིགས་འཛིན། བེད་སྤྱོད་ལུགས་མཐུན། དོ་དམ་ཤུགས་སྣོན”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ནུས་ལྡན་སྲུང་སྐྱོབ་དང་རྨང་གཞི་ཇེ་བརྟན་དུ་གཏོང་བ་གཙིགས་སུ་འཛིན་པ་དང་། བེད་སྤྱོད་ལུགས་མཐུན་དང་ཕན་འབྲས་འདོན་སྤེལ་ལ་དོ་སྣང་བྱས་ཏེ། སྲུང་སྐྱོང་བེད་སྤྱོད་ཀྱི་ཁྲོད་རྒྱུད་འཛིན་དང་འཕེལ་རྒྱས་བཏང་སྟེ་ནན་ཏན་གྱིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ལས་ཁུངས་ལ་སྲུང་སྐྱོབ་དང་དོ་དམ། བེད་སྤྱོད་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ནས་རིག་དངོས་བདེ་འཇགས་དང་རིག་དངོས་ཀྱི་མེ་ཟོན་ལ་ཁག་ཐེག་བྱ་རྒྱུ་རེད། དེ་དང་མཉམ་དུ་རིག་དངོས་སྲུང་སྐྱོང་ལ་ཤུགས་སྣོན་པའི་སྔོན་འགྲོའི་ཆ་རྐྱེན་འོག རྒྱལ་ཁབ་གཙོ་གནད་རིག་དངོས་ལས་ཁུངས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཙོ་གནད་རིག་དངོས་ལས་ཁུངས་ཀྱི་རིག་གནས་སྒྱུ་རྩལ་གྱི་ལོ་རྒྱུས་རིན་ཐང་བརྒྱུད་བསྒྲགས་དང་འོས་སྦྱོར་བྱས་ཏེ། རིག་དངོས་གསོན་དུ་འཇུག་པ་དང་། སྔར་ལས་ལྷག་པའི་མི་མང་པོ་ཞིག་ལ་གཅན་ཚ་རྫོང་གི་ལོ་རྒྱུས་དང་གསར་བརྗེའི་རིག་གནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ལ་རྒྱུས་ལོན་བྱེད་དུ་འཇུག་པ་དང་། དམངས་ཡོངས་ལ་རིག་དངོས་སྲུང་སྐྱོང་ཐད་ཀྱི་འདུ་ཤེས་ཇེ་བརྟན་དང་། གཅན་ཚ་ཤེས་རྟོགས་དང་དགའ་ཞེན། དར་རྒྱས་བཅས་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་དགོས། །