第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > རྩྭ་ཐང་གི་དོན་དུ།

རྩྭ་ཐང་གི་དོན་དུ།

2019年12月18日 11:58:46 访问量:103

རྩྭ་ཐང་གི་དོན་དུ་རྩྭ་ཐང་དང་ཁ་བྲལ། རྩྭ་ཐང་གི་ཆེད་དུ་ཕྱིར་རྩྭ་ཐང་དུ་ལོག

ཁོ་ཚོ་རྩྭ་ཐང་སྲུང་སྐྱོབ་བྱེད་པའི་ཆེད་དུ་རྩྭ་ཐང་དང་ཁ་བྲལ་ཞིང་། ཁོ་ཚོ་རྩྭ་ཐང་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཕྱིར་རྩྭ་ཐང་དུ་ལོག


ཟླ10པར། གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བར་ཆགས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་ནམ་ཟླ་དགུན་ལ་ཉེ་ཞིང་ཁ་བ་མང་བའི་དུས་ཚིགས་ཤིག་ལ་ཁེལ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་ཆ་སྙོམས་ཀྱིས་སྨི4280ཡན་ལ་སླེབས་པའི་རྨ་ཆུའི་མགོ་ཁུངས་སུ་དུས་བཞིའི་འགྱུར་ལྡོག་དབེན་ཞིང་། རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་ཞན། དབྱང་རླུང་དཀོན་ཞིང་གདུག་རྩུབ་ཆེ་བའི་གནམ་གཤིས་འོག རྨ་སྟོད་མི་དམངས་ཀྱི“དཀའ་ཚེགས་ཆེ་རུང་སྡུག་ལ་མི་སྐྲག དབྱང་རླུང་དཀོན་རུང་སྙིང་སྟོབས་མི་དཀོན”ཞེས་པའི་མཐོ་སྒང་གི་མིའི་སྙིང་སྟོབས་ཀྱིས་རྒྱལ་ཡོངས་མི་དམངས་ལ་ངོ་གནོང་མི་དགོས་པའི་གཏམ་རྒྱུད་ཀྱི་དབུ་ཁྱུད་བྲིས་ཡོད།
རྫོང་མཁར་ནས་ཤར་ཕྱོགས་སུ་བསྟུད་མར་སྤྱི་ལེ90ལྷག་གི་མཚམས་སུ་བསྐྱོད་པ་ན། གངས་རི་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེར་སོང་བ་དང་བསྟུན། ས་བབ་ཇེ་མཐོ་ནས་ཇེ་མཐོར་འཕགས་ཏེ་དབུགས་ཀྱི་རྒྱུན་ཡང་གཅོད་སྙམ་བྱེད། ཡིན་ཡང་། མཚོ་སྐྱ་རིང་དང་མཚོ་སྔོ་རིང་གི་ཉེ་འདབས་སུ། ས་གནས་མང་ཚོགས་ཁྱུ་དང་ཁྱུ་བྱས་ཏེ་ཞོགས་པའི་ཆུ་ཚོད་བརྒྱད་ནས་ཕྱི་དྲོའི་ཆུ་ཚོད་དྲུག་བར་མཚོ་མོའི་མཐའ་དང་རི་བོའི་ཕུགས། ལམ་གྱི་འགྲམ་དུ་གད་སྙིགས་འཐུ་བར་འབད་བཞིན་མཆིས། དེའི་ཁྲོད་དུ་དགུང་ལོ་དྲུག་ཅུར་ཉེ་བའི་ལོ་ལོན་དང་ལོ་ན་བཅོ་ལྔར་བུད་པའི་ལོ་ཆུང་གཞོན་ནུ་ཡང་ཡོད།
འབྲོང་རའི་དྲན་གསོ་རྡོ་རིང་གི་ཉེ་འདབས་སུ་ཡོད་པའི་རྩྭ་ཐང་བདག་སྐྱོང་ས་ཚིགས་ཀྱི་སྟབས་བདེའི་ཁང་པའི་ནང་དུ། སྐྱེ་ཁམས་བདག་སྐྱོང་པ་བསོད་བསོད་དང་བཟང་པོ་གཉིས་ཀྱིས་ཉིན་གུང་གི་དུས་ཚོད་བེད་སྤྱད་ནས་ཉིན་དེར་མཐོང་བའི་རི་སྐྱེས་སྲོག་ཆགས་དང་སྔོ་རྩྭའི་སྐྱེས་ཚད་ཟིན་བྲིས་སུ་འདེབས་བཞིན་འདུག
2003ལོའི་སྔོན་དུ། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.91ཡོད་པའི་གཙང་གསུམ་མགོ་ཁུངས་ཀྱི་ལྟེ་བར་ཆགས་པའི་རྨ་སྟོད་རྫོང་ཁོངས་སུ། ཕྱུགས་ཟོག་མང་དུ་འཚོས་ནས་རྩྭ་ཕྱུགས་དོ་མཉམ་མིན་པའི་གནད་དོན་གྱིས་རེ་ཞིག་རྩྭ་ས་ཞན་འགྱུར་དང་མཚོ་དང་མཚེའུ་སྐམ་པ་རེད། མང་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་ཀྱིས་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་གནས་ཚུལ་འོག ཏང་དང་སྲིད་གཞུང་གིས་སེམས་ཞིབ་མོས་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་སྐྱེ་ཁམས་གནས་སྤོ་བཟོ་འགོད་བྱེད་མགོ་ཚུགས་ནས་ཕྱུགས་ཟོག་ཉུང་འཚོ་ལག་བསྟར་བྱས། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སླར་གསོ་དང་ཆུ་ཁུངས་ཕུན་སུམ་ཚོགས་པར་གཏོང་བ་དང་། ཕ་ཚ་བུ་རྒྱུད་ལ་རི་བོ་སྔོ་ཞིང་ཆུ་བོ་དྭངས་པའི་ཁོར་ཡུག་ཅིག་འདོན་སྤྲོད་བྱེད་ཆེད། ས་གནས་མང་ཚོགས་མཁར་གྲོང་དུ་གནས་སྤར་ནས་སྲིད་ཇུས་བཟང་པོ་དངོས་འབེབས་བྱས་པ་བརྒྱུད་སྡོད་ཁང་དང་རྩྭ་སའི་ཁ་གསབ་མ་དངུལ་ལོངས་སུ་སྤྱད་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ།
འབྲོག་པ་བསོད་བསོད་ཀྱིས་ནམ་ཡང་བརྗེད་ཐབས་མེད་པ་ནི། དང་ཐོག་འབྲོག་པ་མང་ཚོགས་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་སའི་ཁོར་ཡུག་དང་ཁ་འབྲལ་འདོད་མེད་པ་དེ་ཡིན། “ད་ལྟ་ཞིབ་ཏུ་བསམས་ན་གནས་སྤོ་བྱེད་པ་ནི་ཉིན་རེ་ནས་ཉིན་རེར་ཞན་འགྱུར་དུ་འགྲོ་བའི་རྩྭ་ཐང་གི་ཆེད་རེད། ”བསོད་བསོད་དང་བཟང་པོ་གཉིས་ནི་སྐབས་དེའི་འབྲོག་པ་མང་ཚོགས་ཁྲོད་མཁར་གྲོང་དུ་གནས་སྤོར་མཁན་ཐོག་མའི་གྲས་ཡིན།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་དབུ་བརྙེས་པའི་ཚུན་དུ། བསོད་བསོད་ཕྱིར་རྩྭ་ཐང་དུ་ལོག་ཅིང་སྐྱེ་ཁམས་བདག་སྐྱོང་པར་གྱུར་པ་དང་། ཁོས“2016ལོ་ནས་ད་རག་བར་དུ་སྟོད་གོས་ལྗང་སེར་ཅན་འདི་དང་དཔུང་རྟགས་དམར་པོ་འདི་ང་དང་ཁ་བྲལ་མ་མྱོང་ལ། དེ་ནས་བཟུང་ང་ལ་ལས་ཀ་ལས་རྒྱུ་ཡོད་པར་མ་ཟད་ལས་རྐང་དུ་ཧུར་ཐག་འབད་ཐག་བྱེད་བཞིན་ཡོད”ཟེར། བསོད་བསོད་ལ་ཟླ་རེར་སྒོར1800ལྷག་གི་ཡོང་སྒོ་ཡོད། ཁོ་ནམ་རྒྱུན་འཕྲུལ་རྟར་བཞོན་ནས་རང་ཉིད་ཀྱི་དོ་དམ་བདག་སྐྱོང་ས་ཁུལ་གྱི་རྩྭ་དང་རྩི་ཤིང་། མཚོ་དང་མཚེའུ། བྱ་དང་ཉ་རིགས་ཀྱི་འཕེལ་ཚུལ་ལ་སྐོར་ཞིབ་བྱེད་དུ་འགྲོ་བ་དང་། མཐོ་སྒང་གི་མཁའ་དབུགས་རྩུབ་མོ་དང་ཁ་ཆར་བུ་ཡུག་གིས་ཁོའི་རྩྭ་ཐང་ལ་བཅངས་པའི་བརྩེ་བ་བཅོམ་མ་ཐུབ་ལ། གཅན་གཟན་སྲོག་ཆགས་ཀྱི་འཇིགས་སྐུལ་གྱིས་ཁོའི་ཉིན་རེའི་ལས་ཀར་གནོད་པའང་བསྐྱལ་མ་ཐུབ། སྐོར་ཞིབ་བྱས་ནས་ཕྱིར་ལོག་དུས་ས་རུབ་ལ་ཉེ་ནའང་། ཉིན་དེའི་སྐོར་ཞིབ་ཀྱི་གནས་ཚུལ་འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣར་སྙན་ཞུ་འབུལ་བའི་བྱ་བ་ཐེངས་གཅིག་ལའང་འགོར་འགྱངས་བྱས་མ་མྱོང་། ཁོས་བཤད་རྒྱུར། “ངས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བའི‘ང་ཚོས་དཔྲལ་བའི་མིག་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། ཚེ་སྲོག་ལ་གཅེས་པ་བཞིན་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་དགོས’ཞེས་པ་བརྗེད་མེད།” ཁོ་རང་རྫོང་མཁར་དང་སྤྱི་ལེ90ལྷག་གི་མཚམས་སུ་ཡོད་པའི་མཚལ་རྩེ་སྡེ་བའི་སྐྱེ་ཁམས་དོ་དམ་བདག་སྐྱོང་ས་ཚིགས་སུ་རྒྱུན་པར་ཞག་སྡོད་བྱེད་བཞིན་ཡོད་ལ། ཁོས་ཉིན་མོ་མིག་གིས་འཚོ་ས་རྩྭ་ཐང་ཡིན་ལ། མཚན་མོར་རྨི་ལམ་དུ་འཁོར་བ་ཡང་རྩྭ་ཐང་ཁོ་ན་ཉིད་དོ། །
འབྲོག་པ་བཟང་པོ2014ལོར་ནགས་སྲུང་པ་ཞིག་ནས་ཡང་བསྐྱར་སྐྱེ་ཁམས་བདག་སྐྱོང་པའི་ལས་རྐང་ནང་ཞུགས་ཤིང་། མུ་མཐུད་དུ་རྩྭ་ཐང་སྲུང་སྐྱོབ་བྱེད་ཆེད་ཕྱིར་རྩྭ་ཐང་དུ་ལོག་པ་ཡིན། བཟང་པོས་གསར་འགོད་པར་བཤད་རྒྱུར། ངས་ཐོག་མའི་སེམས་འདུན་དང་འོས་འགན་ནི་རང་ཉིད་སྐྱེ་ས་དང་འཚར་ལོངས་འབྱུང་སའི་རྩྭ་སའམ་མ་ཡུམ་ཆུ་བོའི་མགོ་ཁུངས་བདག་སྐྱོང་བཟང་པོ་བྱེད་རྒྱུ་དེ་ཡིན།
ཁོ་ཚོས་ལོ་ངོ་མང་པོའི་རིང་ལ་མཚམས་མ་ཆད་པར་སྐྱེ་ཁམས་བདག་སྐྱོང་གི་ལས་རྐང་སྟེང་ཤ་འབད་རུས་འབད་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ། རྨ་ཆུའི་མགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་སྐྱེ་ཁམས་ཁོར་ཡུག་ཁྲིམས་སྐྱོང་ཅུས་ཀྱི་ཅུས་ཀྲང་ཆོས་དབྱིངས་ཚེ་རིང་གིས་བཤད་པ་ལྟར་ན། 2003ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པ་དང་། དེང་གི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་བ་ལེགས་པོར་སྤེལ་བ་ནས་བཟུང་། ལོ་རབས་བརྒྱད་ཅུ་པའི་ནང་དུ་རྨ་སྟོད་རྫོང་ཁོངས་སུ་ས་རྐོ་སློག་དང་ཉ་མོ་འཛིན་པའི་སྣང་ཚུལ་རྒྱུན་པར་མཐོང་ན་འང་།ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཚུགས་པ་ནས་བཟུང་། དྲེད་མོང་དང་སྟག་གཟིག་གི་གནོད་འཚེ་ལ་ཁ་གཏད་དེ་སྒོ་ཁྱི་གསོ་བ་དང་ལྕགས་ར་བསྐོར་ནས་གྱོང་གུན་ཇེ་ཉུང་དུ་གཏོང་བ་ལས་རི་དྭགས་རྔོན་པའི་བསམ་བློར་འགྱུར་བ་བྱུང་ཡོད།
བཟང་པོ་ལ་མཚོན་ན། སྐྱེ་ཁམས་སྲུང་སྐྱོབ་པ་གཞན་དག་དང་མི་འདྲ་བར་གྲོང་ཁྱེར་ཆེ་སར་སོང་མ་མྱོང་རུང་། མི་མེད་ལུང་སྟོང་གི་རྩྭ་ཐང་བདག་སྐྱོང་བྱེད་པའི་བྱ་བར་དམ་ལྷོད་གཏན་ནས་བྱས་མ་མྱོང་།
གསར་འགོད་པས“གནས་འདིར་ཁོར་ཡུག་གི་ཆ་རྐྱེན་ཞན་པ་དང་། དྲ་བ་སྦྲེལ་མི་ཐུབ་པར་མ་ཟད་ད་དུང་ཁ་པར་གྱི་བརྡ་རྟགས་ཀྱང་དེ་འདྲ་བཟང་པོ་མི་འདུག་པས། ཁྱོད་རང་ཐོག་མར་འདིར་གནས་བཅའ་བའི་རྒྱུ་མཚན་ཅི་ཡིན”ཞེས་དྲིས།
བཟང་པོས་བཤད་རྒྱུར།“ང་རང་གནས་འདིར་འཚར་ལོངས་བྱུང་བ་ཡིན། ས་འདིའི་རི་ཆུ་ལ་དུངས་པ་ཤིན་ཏུ་ཆེ། དེའི་ཕྱིར། བཟའ་མི་གང་པོ་གནས་སྤར་རྗེས་ང་རང་ཕྱིར་རྩྭ་ཐང་དུ་ལོག་པ་ཡིན།རྩྭ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ངའི་འོས་འགན་ཡིན།”
རྒྱུས་ལོན་པ་ལྟར་ན། མིག་སྔར། རྨ་སྟོད་རྫོང་གིས་རི་བོ་དང་ཆུ་བོ། རྩྭ་དང་མཚེའུ་གཞི་གཅིག་ཅན་གྱི་དོ་དམ་ལམ་ལུགས་ཀྱི་བླང་བྱ་ལྟར། “སྐྱེ་ཁམས་བདག་སྐྱོང+གཞི་རིམ་ཏང་འཛུགས+གནད་ཁེལ་དབུལ་སྐྱོར+སྲུང་སྐྱོང་གཏན་འཇགས+མི་རིགས་མཐུན་སྒྲིལ+བསམ་པའི་དཔལ་ཡོན”སྣེ་དྲུག་ཕུང་གཅིག་གི་སྐྱེ་ཁམས་བདག་སྐྱོང་དཔེ་དབྱིབས་བཙུགས་ནས། རྫོང་གི་མངའ་ཁོངས་ནང་དུ་ཞང་དང་གྲོང་རྡལ་གསུམ་དུ་བདག་སྐྱོང་ས་ཚིགས3དང་། དེའི་ནང་དུ་སྡེ་བ་རིམ་པའི་བདག་སྐྱོང་རུ་ཁག19དང་ཡན་ལག་རུ་ཁག123ཡོད་པས། ཁྱོན་ཡོངས་ནས་གླིང་ཁུལ་དུ་ཁྱིམ་རེར་བདག་སྐྱོང་པ་གཅིག་རེ་ཡོད་པ་མངོན་འགྱུར་བྱུང་སྟེ། སྐྱེ་ཁམས་བདག་སྐྱོང་པ3042ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་བྱས་རྗེས་འབུལ་བཞིན་ཡོད།
ཕྱི་དྲོའི་ཉི་མ་ནུབ་ལ་ཉེ་དུས། ང་ཚོའི་བཅར་འདྲི་ཡང་རེ་ཞིག་མཇུག་རྫོགས། བསོད་བསོད་ཀྱིས“མདོར་ན་ཡོད་ཚད་རི་བོ་སྔོ་ཞིང་ཆུ་བོ་དྭངས་པའི་ཆེད་ཡིན། ང་རང་མིང་དོན་མཚུངས་པའི་སྐྱེ་ཁམས་བདག་སྐྱོང་པ་ཞིག་བྱེད་རྒྱུ་ནི་ངའི་མི་ཚེ་འདིའི་དམ་བཅའ་ཡིན”ཞེས་བཤད་རྗེས་ང་ཚོར་བདེ་མོ་བཞག་ནས་གོམ་པ་རིང་ལེན་གྱིས་མདུན་དུ་ཆས་ཤིང་། མཁའ་མཐའི་མཚམས་སྤྲིན་གྱི་འོག་ཏུ་ཁོའི་རྒྱབ་གཟུགས་ནི་འོད་ཀྱི་ཀ་བ་ཆེན་པོ་ཞིག་དང་འདྲ་བར། གནམ་སའི་འདྲེས་མཚམས་སུ་མཐའ་ཡས་པའི་རྩྭ་ཐང་ལ་ཕྱོགས་ཏེ་རིང་དུ་གྱེས་ཤིང་། ང་ཚོའི་མིག་ལམ་དུ་མག་མོག་ནས་མག་མོག་ཏུ་གྱུར……
གསར་འགོད་པ། ཚེ་རིང་རྡོ་རྗེ། ཚེ་རིང་བཀྲ་ཤིས། 
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། ཚེ་མཁར་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།


编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心