མཁའ་མོ་རྒྱལ། (བླ་བྲང་།)
【ནང་དོན་གནད་བསྡུས།】སློབ་མའི་གྲངས་རིག་གི་ཆུ་ཚད་ཇེ་མཐོའམ་རྨང་གཞི་ཇེ་བརྟན་དུ་གཏོང་བར་དགེ་རྒན་གྱི་སྐད་ཆའི་ནུས་རྩལ་ལ་རག་ལས་ཡོད་ལ་སློབ་ཁྲིད་བཟང་བོ་ཞིག་ཁྲིད་ཐུབ་མིན་ལ་ཡང་ཐད་ཀར་རག་ལས། དེའི་ཕྱིར་ངས་འདི་ནས་གྲངས་རིག་སློབ་ཁྲིད་ཁྲོད་དགེ་རྒན་གྱི་སྐད་ཆ་ནི་གནད་དུ་ཁེལ་ཞིང་ཡང་དག་ཡིན་པ་དང་།
ཚགས་དམ་པའི་སྐད་ཆའི་ཁྱད་ཆོས་ཤིག་དང་། སློབ་ཐུན་གྱི་སྐབས་སྣ་མང་ཅན་གྱི་དྲི་ཚིག་འདོན་པ། སློབ་མར་འོས་འཚམ་གྱི་བསྟོད་པ་དང་སྐུལ་མ་ཅི་ལྟར་བྱེད་པ། སྐྱོན་བརྗོད་བྱེད་པར་རྩེད་མཚར་རང་བཞིན་གྱི་སྐད་ཆའི་ནུས་རྩལ་ལྡན་དགོས་པའི་བྱེད་ཐབས་སྐོར་ནས་ཅུང་ཙམ་གླེང་བར་བྱ།
【བརྡ་ཆད་གཙོ་བོ།】གྲངས་རིག དགེ་རྒན་གྱི་སྐད་ཆ། ནུས་རྩལ།
གླེང་གཞི།
གྲངས་རིག་བསླབ་ཚན་གྱིས་ནི་འོས་འགན་སློབ་གསོའི་དམིགས་འབེན་མངོན་ཅི་ཐུབ་ཀྱི་ལས་ལ་འཇུག་ཅིང་། སློབ་མ་ཡོངས་ལ་ཁ་ཕྱོགས་པ།སློབ་མ་རེ་རེ་ལ་གྲངས་རིག་གི་སློབ་གསོ་ལེགས་པོ་ཞིག་ཐོབ་དུ་འཇུག་ཐུབ།
ཡང་སྐད་ཆ་ནི་ཤེས་ནུས་སྦྱོང་བརྡར་གྱི་ཡོ་བྱད་མེད་དུ་མི་རུང་བ་ཞིག་ཡིན་པས།གྲངས་རིག་གི་བསླབ་ཚན་འདི་སྦྱང་བར་ཡང་སྐད་ཆའི་ནུས་རྩལ་གང་མང་ཞིག་ལ་བརྟེན་དགོས་པ་མ་ཟད། ད་དུང་གྲངས་རིག་སྐད་ཆའི་ཁྱད་ཆོས་མི་ཉུང་བ་ཞིག་ཀྱང་ངེས་པར་རྟོགས་དགོས།དེ་མ་ཟད་དུས་རབས་ཀྱིས་དགེ་རྒན་ལ་འཛིན་པའི་རེ་བ་ཧ་ཅང་མཐོ་ལ། ནང་སྒོས་སུ་གྲངས་རིག་དགེ་རྒན་ལ་འཛིན་པའི་རེ་བ་ཆེས་མཐོ་བ་སོགས་ཀྱི་རྒྱུ་རྐྱེན་ཡང་དུ་མ་ཞིག་མཆིས་རྐྱེན། ངས་འདི་ནས་ནང་དོན་དེ་དང་ཆ་རྐྱེན་དེ་རིགས་ནི་རྨང་གཞི་གལ་ཆེན་ཞིག་ལ་དམིགས་པ་མ་ཟད།
ལྷག་པར་དུ་ལོ་འདི་དག་གི་རིང་ལ་སློབ་བུ་འགའ་ལ་སློབ་ཁྲིད་བྱེད་པ་དང་། ཟབ་སྦྱོང་། དངོས་སྦྱོང་ལ་སོགས་པའི་བྱ་འགུལ་གང་མང་ཞིག་ལ་ཞུགས་མྱོང་། བྱ་འགུལ་འདིའི་ཁྲོད་དུ་ཐོབ་བྱ་གང་མང་ཞིག་དང་མྱོང་བྱ་གང་མང་ཞིག་ཡོད་ལ། ཐོབ་བྱ་དང་མྱོང་བྱ་དེ་དག་གི་ཁྲོད་ན་ད་དུང་མི་འདང་པའི་གནད་དོན་ཡང་གང་མང་ཞིག་གནས་འདུག་པའང་ཚོར་བྱུང་བས།
སློབ་མར་གྲངས་རིག་གི་རྨང་གཞི་བརྟན་པོ་ཞིག་འཇོག་རྒྱུ་ནི་ཧ་ཅང་གལ་ཆེའོ་སྙམ།
གཅིག ཁ་བྱང་འདེམས་པའི་དམིགས་ཡུལ་དང་དགོས་པ།
ཉེ་བའི་ལོ་འདི་དག་གི་རིང་ལ་བོད་ཀྱི་སློབ་གསོ་འཕེལ་རྒྱས་ཕྱིན་པ་མིག་མཐོང་ལག་ཟིན་འདུག་ནའང་།
ད་དུང་གནད་དོན་མི་ཉུང་བ་ཞིག་མཆིས་ཏེ།
དགེ་རྒན་མང་པོ་ཞིག་གིས་གྲངས་རིག་པ་ནི་རིག་ལམ་ཇེ་ལེགས་དང་ཇེ་བཟང་དུ་གཏོང་བྱེད་ཅིག་ཡིན་ཟེར་མྱོང་། ཡིན་ཡང་རང་ཉིད་ཀྱི་དགེ་རྒན་ཆེན་མོ་ཞིག་གིས་གྲངས་རིག་ནི་མིའི་ཀླད་པ་ཇེ་ཆེར་གཏོང་བྱེད་ཀྱི་སྦྱངས་ཚན་གལ་ཆེན་ཞིག་ཡིན་ལ།
གྲངས་རིག་གི་ནང་སྙིང་རྟོགས་རྒྱུ་ནི་དེ་འདྲའི་སླ་མོ་ཞིག་མིན་ཏེ་དགེ་རྒན་ཁོ་རང་ལ་མཚོན་ནའང་ལོ་མང་པོ་ཞིག་ལ་གྲངས་རིག་ཁྲིད་པ་དང་།
གྲངས་རིག་ལ་ཞིབ་འཇུག་གང་མང་བྱས་མོད། ཡིན་ཡང་གྲངས་རིག་པའི་ནང་སྙིང་གཞི་ནས་རྟོགས་མ་བྱུང་ཞེས་གསུངས་མྱོང་།དེ་ཡང་གྲངས་རིག་ནི་སློབ་ཆུང་ནས་སློབ་འབྲིང་།
སློབ་གྲྭ་ཆེན་མོ་བཅས་སུ་ངེས་པར་ཏུ་སྦྱངས་དགོས་པའི་སྦྱངས་བྱ་གལ་ཆེན་ཞིག་ཡིན་ལ། མིའི་རིགས་ཀྱི་དངོས་ཡོད་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཤེས་རིག་གལ་ཆེན་ཞིག་ཡིན་སྟེ།
གལ་ཏེ་ང་ཚོས་ཡིད་འཇོག་ཅུང་ཙམ་བྱས་ཡོད་ཚེ། ང་ཚོ་འཚོ་གནས་བྱེད་པའི་དངོས་ཡོད་ཀྱི་སྤྱི་ཚོགས་དང་འཚོ་བའི་ཁྲོད་ཀྱི་བྱ་དངོས་ཆེ་ཆུང་གང་ཡིན་རུང་ཚང་མ་གྲངས་རིག་དང་ཁ་འབྲལ་ཐབས་མེད།
དེའི་ཕྱིར་ངའི་ཆ་རྐྱེན་དེ་དང་དགོས་པ་དེ་སོགས་ལ་དམིགས་པ་མ་ཟད། ལོ་འདི་དག་གི་རིང་ལ་རང་ཉིད་ཀྱིས་གྲངས་རིག་སྦྱངས་བའི་བརྒྱུད་རིམ་དང་གྲངས་རིག་ཁྲིད་པའི་བརྒྱུད་རིམ་ཁྲོད་ཀྱི་མྱོང་བྱ་དང་ཐོབ་བྱ།
གནད་དོན་དང་དཀའ་ཁག་གང་མང་སོགས་ལ་གཞིར་བཞག་བྱས་ནས། དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་རང་ཉིད་ཀྱི་འདོད་ཕྱོགས་ལེགས་པར་གཏོང་ཆེད་དང་ན་ཆུང་གི་སློབ་མ་རྣམས་ལ་ཕན་པ་ཅུང་ཟད་རེ་བྱུང་བར་སྙམ་ནས་ཁ་བྱང་འདི་འདྲ་ཞིག་བདམས་པ་ཡིན།
གཉིས།
དཔྱད་རྩོམ་གྱི་ནང་དོན་གཅོ་བོ།
དང་པོ། གྲངས་རིག་སློབ་ཁྲིད་ཁྲོད་དགེ་རྒན་གྱི་སྐད་ཆ་གནད་དུ་ཁེལ་ཞིང་ཡང་དག་ཡིན་དགོས།
སློབ་མའི་ལུས་སེམས་ཀྱི་ཆོས་ཉིད་ལྟར་ཉུང་བཤད་མང་སྦྱང་དང་། གནད་ས་འབུར་ཐོན། ཉུང་ལ་ཉིང་བཅུད་ལྡན་པའི་སྒོ་ནས་སློབ་ཁྲིད་བྱས་ན། ད་གཟོད་ཤེས་བྱ་དེ་རང་གི་དངོས་པོ་ཞིག་ཏུ་འགྱུར་ཐུབ་པ་དང་གསར་གཏོད་དང་ཁེར་རྐྱང་གི་བསམ་གཞིགས་ནུས་པ་སྐྱེད་སྲིང་བྱེད་ཐུབ། དཔེན་ན། གལ་ཏེ་ཁྱོད་ཀྱིས་སློབ་ཆུང་གི་གྲངས་རིག་གི་ནང་ནས“གྲངས་ཆ”ཞེས་པ་དེ་སློབ་ཁྲིད་བྱེད་སྐབས། འདི་འདྲའི་སྐད་ཆ་བཤད་ཆོག་པ་སྟེ། “ང་ཚོས་འཛིན་གྲྭ་འདི་སྐོར་གསུམ་གྱིས་བགོས་ནས་ཚོད་ལྟ་ཆུང་ཆུང་ཞིག་བྱེད། སྐོར་དང་པོས་ཤོག་ལེབ་གཅིག་བླངས་ནས་དེ་ཆ2སུ་བགོས། སྐོར་གཉིས་པོས་ཆ4དང་། སྐོར་གསུམ་པོས་ཆ6རུ་བགོས”ཞེས་བཤད་ནས་ཚོ་སྐོར་རེ་རེའི་ཚབ་བྱེད་སློབ་བུ་འགས་ཤོག་ལེབ་དེའི་ཆ་ཤས་དག་མཚོན་པར་བྱས་ཚེ། སློབ་མར་གྲངས་ཆའི་གོ་དོན་དེ་ཧ་གོ་བར་བྱེད་ཐུབ། ད་དུང་ཅུང་གནད་དུ་འཁེལ་འདོད་ཚེ། ཤོག་ལེབ་དེ་ཀུ་ཤུ་དང་ཀོ་རེ་སོགས་སུ་དཔེར་བཞག་ན་གཅིག་ནས་སློབ་མའི་གྲངས་རིག་སྦྱངས་འདོད་ཀྱི་འདུན་པ་ཆེར་བསྐྱེད་ཐུབ་ལ། གཉིས་ནས་གྲངས་རིག་དེ་འཚོ་བ་དངོས་ལ་འབྲེལ་བ་འཛུགས་ཐུབ་པ་དང་ལག་ལེན་གྱི་གལ་ཆེན་རང་བཞིན་ཡང་རྟོགས་ཐུབ་བོ།། ཡང་གྲངས་ཆའི་མཚོན་སྟངས་ལས།བུ་ཆ་དང་མ་ཆ་གྲངས་ཆའི་ཐིག་བཅས་གསལ་བཤད་བྱེད་པའམ་དེ་བློ་ལ་ངེས་སླ་བའི་ཆེད། “ཨ་མའི་བུ་ཆུང་རྒྱབ་ལ་ཁུར་ནས་ཡོད”ལྟ་བུའི་ཁྱད་མཚར་གྱི་དགོད་གཏམ་ལ་བརྟེན་ན་བཟང་ལ་ཕན་ཡང་ཐོག་པ་ལས། དེ་དང་འབྲེལ་མེད་ཀྱི་སྐད་ཆ་སྟེ“ཨ་མ་དང་བུ་ཆུང་བར་གྱི་བརྩེ་དུང་ལ་སོགས་པ་བརྗོད་པ་ལ་ཉན་ཚོད་ཀྱིས་ཡིད་འགུལ་ཐེབས་པའི་སྐད་ཆ་ལས་མ་འདས་མོད།དོན་དངོས་སུ་བཤད་ན། ཁྱོད་ཀྱི་གནས་སྐབས་ཀྱི་གྲངས་རིག་གི་སློབ་ཁྲིད་འདི་ལ་མཚོན་ན་དེ་འདྲའི་སློབ་གསོ་མི་མཁོ་ཟེར་ན་མི་འགྲིག་མོད། ཡིན་ཡང་ཁྱོད་ལ་ཡོད་པའི་དུས་ཚོད་ནི་དུས་ཚོད་སྐར་མ༤༥ལས་མེད་པ་དང་།དེ་ནི་སྐབས་བབས་ཀྱི་ནང་དོན་དང་འབྲེལ་མེད་པས།
ཁྱོད་ཀྱིས་སློབ་གསོ་དེ་ནི་སྐབས་འདི་ལ་མཚོན་ན་ཉོག་གཏམ་ཞིག་ལས་མ་འདས་པར་སྙམ།
སྤྱིར་གྲངས་རིག་དགེ་རྒན་སུ་ཞིག་ཡིན་ཡང་སློབ་མ་ལ་ཚད་ལྡན་གྱི་སྐད་ཆས་སློབ་ཁྲིད་བྱེད་རྒྱུ་ནི་སློབ་མའི་བསླབ་འབྲས་འཕེལ་རྒྱས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་ཡང་། དགེ་རྒན་ལ་ལ་ཞིག་གིས་སློབ་ཁྲིད་བྱེད་སྐབས་སུ་རང་གིས་བཤད་པའི་སྐད་ཆ་དེ་ཡང་དག་ཡིན་མིན་ལ་བལྟ་རུ་མེད་པ་རེད། ཁོ་ཚོས་བསམ་པར་གྲངས་རིག་སློབ་ཁྲིད་ཡིན་པ་ལས། རྒྱ་ཡིག་དང་བོད་ཡིག་སོགས་ཀྱི་སློབ་ཁྲིད་མིན་པས། སྐད་ཆ་ཚད་ལྡན་ཡིན་དགོས་པའི་རྒྱུ་མཚན་རྟོགས་ཀི་མེད་པ་འདྲ།
དཔེར་ན། དགེ་རྒན་གྱིས“ས་སྨྱུག་རྐང་གཅིག་གི་རིང་ཚད་ལ་ཕལ་ཆེར་ལི་སྨི5ལྷག”(ཡང་ན་ཧྥིན་སྨི0.5)ཡོད་ཞེས་ཐད་ཀར་བརྗོད་པ་ལས།“
ས་སྨྱུག་ས་སུ་ལྷུང”ཞེས་བོད་ཡིག་གི་སློབ་ཐུན་ལ་འབྲེལ་ན་བོད་ཡིག་གི་རྣམ་དབྱེའི་ཤེས་ཚད་དེ་ཇེ་་བཟང་དུ་འགྲོ་ཡང་སྐབས་བབས་ཀྱི་གྲངས་རིག་སློབ་ཁྲིད་དང་འབྲེལ་མེད་དུ་གྱུར་རྐྱེན་དེས་དགོས་ངོས་ཀྱི་ནུས་པ་ཐོན་གི་མེད།
དེ་བས། གྲངས་རིག་སློབ་ཐུན་ལ་མཚོན་ན་གྲངས་རིག་སྐད་ཆར་ཚད་ལྡན་རང་བཞིན་ལྡན་རྒྱུ་ནི་ཆེས་དགོས་ངེས་ཀྱི་གནད་དོན་ཞིག་ཡིན་པར་སྙམ།
གཉིས་པ ། གྲངས་རིག་སློབ་ཁྲིད་ཁྲོད་དགེ་རྒན་གྱི་སྐད་ཆ་ནི་ཚགས་དམ་པ་ཡིན་དགོས།
གྲངས་རིག་ནི་གྲངས་རིག་དང་དངོས་ལུགས། རྫས་འགྱུར་སོགས་སྦྱོང་བའི་རྨང་གཞི་གཏན་པོ་ཅིག་ཡིན་པ་མ་ཟད།བསླབ་ཚན་མང་པོ་ཞིག་སྦྱངས་པའི་ལག་ཆ་གལ་ཆེན་ཞིག་གྱང་ཡིན།
དགེ་རྒན་ལ་ལ་ཞིག་གི་སློབ་ཁྲིད་ཀྱི་སྐད་ཆར་དེ་འདྲའི་ཚགས་དམ་པའི་ཁྱད་ཆོས་མེད་པ་རེད། དཔེར་ན། “ཟུར་གསུམ་དབྱིབས་ཀྱི་ཐོག་མའི་ངོས་འཛིན”ཞེས་པའི་སློབ་ཐུན་གྱི་སྐབས། དགེ་རྒན་གྱིས་ཟུར་གསུམ་དབྱིབས་ལ་མཚན་ཉིད་འཇོག་སྐབས་ “མཐའ་གསུམ་གྱིས་གྲུབ་པའི་རིས་དབྱིབས་ནི་ཟུར་གསུམ་དབྱིབས”ཡིན་ཟེར། འདི་ནི་ཚགས་དམ་པ་ཞིག་མིན། རྒྱུ་མཚན་ནི་གང་རུང་གི་མཐའ་གསུམ་གྱིས་ཟུར་གཟུམ་དབྱིབས་ཀྱི་རིས་དབྱིབས་གྲུབ་པའི་ངེས་བ་མེད། དེ་བས་ཆ་ཚང་པའི་སྐད་ཆ་ནི“སྙོམས་ངོས་སུ་མཐའ་གསུམ་གྱིས་སྐོར་ནས་གྲུབ་པའི་ཁ་ཟུམ་རིས་དབྱིབས་ནི་ཟུར་གསུམ་དབྱིབས་ཡིན”ཞེས་བཤད་ན་ཡང་དག་ཡིན། ཡང་དཔེར་ན།
8.89དང་ཁྲི8.89གཉིས་གྱི་དག་ཚད་ནི0.01ལ་སླེབས་པའམ་དག་ཚད་བརྒྱ་ཆའི་གནས་སུ་སླེབས་པ་རེད་ཅེས་འདི་གཉིས་ཀྱི་ཁྱད་པར་མ་བརྗོད་མཁན་ལྟ་བུ་སོགས་གྱི་དཔེར་མང་པོ་ཡོད།
དེ་བས། རྒྱུན་དུ་སློབ་ཁྲིད་ཀྱི་ནང་དོན་དང་མཐུན་ལ་རྒྱ་བསྐྱེད་པའི་སྐད་ཆའི་ནུས་པ་ལྡན་དགོས་ལ་ཤེས་བྱ་གསར་རྙིང་གཉིས་ཀར་འབྲེལ་བ་བཙུགས་ནས་སློབ་མར་ཚད་དང་ལྡན་པའི་སྒོ་ནས་སློབ་ཁྲིད་བྱས་ན། ད་གཟོད་སློབ་མའི་རྒྱུད་དམ་ཀླད་པའི་ངོས་སུ་ཅུང་ཆ་ཚང་བའི་ཤེས་བྱའི་མ་ལག་ཞིག་འགྲུབ་པར་བྱེད་ཐུབ་ལ།འདི་འདྲའི་ཤེས་བྱ་ནི་ཆེས་མཛེས་སྡུག་ལྡན་པ་དང་ཆེས་ཡིད་དུ་འོངས་བ་ཞིག་ཡིན་རྐྱེན། འདི་འདྲའི་སློབ་ཁྲིད་བྱེད་སྟངས་ལ་ད་གཟོད་ཚགས་དམ་ལ་གཏན་ཚིགས་རང་བཞིན་ཅིག་ལྡན་སྙམ།
གསུམ་པ ། གྲངས་རིག་སློབ་ཁྲིད་ཁྲོད་དགེ་རྒན་གྱི་སྐད་ཆ་དེ་སྣ་མང་ཅན་གྱི་དྲི་ཚིག་འདོན་པར་གོམས་དགོས།
དགེ་རྒན་རེ་རེ་ལ་དྲི་བ་འདྲི་ཐབས་ཀྱང་མི་འདྲ་བ་རེ་ཡོད་སྲིད་མོད།འོན་ཀྱང་དྲི་ཚིག་གིས་སློབ་ཐུན་ཁྲོད་དགེ་སློབ་བར་གཅིག་ལ་གཅིག་བརྟེན་དང་། ཕན་ཚུན་གྱི་རམ་འདེགས་ལ་ཤུགས་སྣོན་གྱི་ནུས་བ་ཐོན་རྒྱུ་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། སློབ་མ་རང་འགུལ་གྱིས་སློབ་ཐུན་གྱི་བྱ་འགུལ་རེ་རེའི་ཁྲོད་དུ་ཞུགས་ཐུབ་ན། ད་གཟོད་སློབ་མས་ངང་ངམ་ཤུགས་ཀྱིས་རང་ནུས་ཡོད་དགུ་འདོན་ཐུབ་པར་ཁག་ཐེག་བྱེད་ཐུབ་པ་ཡིན། དེར་བརྟེན། དགེ་རྒན་གྱིས་དྲི་བ་འདོན་སྐབས། དྲི་ཚིག་ལ་སྣ་མང་རང་བཞིན་ལྡན་ཅི་ཐུབ་བྱ་དགོས་ལ། ད་དུང་རྐང་ལག་གི་འཁྲབ་སྟོན་འོས་འཚམ་ཞིག་གི་རམ་འདེགས་ཡོད་ན་སློབ་མའི་སློབ་སྦྱོང་གི་སྤྲོ་བ་འཕེལ་ཐུབ། ཡང་སྤྲོ་སེམས་ནི་སློབ་མའི་ཆེས་བཟང་བའི་དགེ་རྒན་ཡིན་ཞེས་པ་བཞིན། དཔེར་ན། འཛིན་གྲྭ་ཞིག་གི་སློབ་མ་ག་གེ་མོ་ཞིག་ནི་གྲངས་རིག་སློབ་ཁྲིད་ལ་སྤྲོ་སྣང་མེད་པར། སྤྱི་བདེ་དམག་གིས་ཉེས་དམིགས་རྩད་གཅོད་བྱེད་པར་སྤྲོ་བ་རབ་ཏུ་ཆེ།
དེ་བས་ཐེངས་ཤིག་གི་གྲངས་རིག་སློབ་ཁྲིད་ཁྲོད། དགེ་རྒན་གྱིས“བསྡུར་བའི་དཔེ”ཞིག་བསམ་བཞིན་དུ་ཁོ་ལ་དྲིས་བ་སྟེ།“ཁྱོད་ཀྱིས་རང་ཉིད་ཀྱི་ལུས་པོའི་རིང་ཚད་དང་རྐང་མཐའི་རིང་ཚད་གཉིས་ཀྱི་བསྡུར་ཤེས་སམ”ཞེས་དྲིས་པར། སློབ་མ་ནི་ཧ་ཅང་ཡ་མཚར་བའི་སྒོ་ནས“མི་ཤེས་ཀི ཤེས་ཡང་བཀོལ་སྤྱོད་བྱེད་ས་མེད་པ་རེད”ཟེར། སྐབས་དེར་དགེ་རྒན་གྱིས་ཧ་ཅང་སྙིང་ཉེ་བའི་སྒོ་ནས་ཁོ་ལ“མི་ཡི་ལུས་པོའི་རིང་ཚད་དང་རྐང་མཐའི་རིང་ཚད་ཀྱི་སྡུར་ནི7:1ཡིན་པ་རེད། དེ་བས། གལ་ཏེ་ཁྱོད་རང་ནར་སོན་རྗེས་སྤྱི་བདེ་དམག་དཔོན་ཆེན་མོ་ཞིག་བྱས་ནས།
ཉེས་དམིགས་རྩད་གཅོད་བྱེད་སྐབས།ཉེས་ཅན་གྱི་རྐང་རྗེས་ཁོ་ན་ཤེས་ན། ཁོ་པའི་ལུས་པོའི་རིང་ཚད་རིགས་འདེད་བྱེད་ཐུབ”པ་རེད་ཞེས་བཤད། སློབ་མ་དེའི་སེམས་སུ་གྲངས་རིག་དང་སྤྱི་བདེ་དམག་གི་ལས་དོན་བར་འབྲེལ་བ་ངེས་ཅན་ཞིག་ལྡན་པ་ལ་མཚར་སྣང་སྐྱེས་ཏེ་གྲངས་རིག་སྦྱང་འདོད་ཀྱི་སྐུལ་སློང་དང་འདུན་པ་དྲགས་པོ་ཞིག་བྱུང་བས། དེ་ནས་བཟུང་སློབ་བུ་དེ་ནི་རང་ཤུགས་ཀྱིས་གྲངས་རིག་ལ་སྤྲོ་སེམས་ཀྱིས་ཁེངས་བར་གྱུར་ལ། གྲངས་རིག་ལ་དགའ་བའི་སློབ་མ་ཚད་ལྡན་ཅན་ཞིག་ཏུ་གྱུར་བ་རེད།ཡང་དཔེར་ན་སློབ་ཆུང་ལོ་རིམ་བཞི་པའི་སྨད་ཆ་ལས། “སྣོན་རྩིས་ཀྱི་སྡེབ་སྲོལ་སྤྱི་འགྲོས(a+b)+c=a+(b+c)”དེ་སློབ་ཁྲིད་བྱེད་སྐབས། ཐད་ཀར་སྤྱི་འགྲོས་ངོ་སྤྲད་ན། གནད་དོན་གང་མང་ཞིག་གི་དབང་གིས་སློབ་མའི་བསམ་ཕྱོགས་གཅིག་ཏུ་ཁེལ་མི་ཐུབ་པ་དང་མི་ཤེས་པའི་གནད་དོན་མང་པོ་ཞིག་གིས་ཁོ་ཚོས་དེའི་གོ་དོན་དང་དགེ་བ་སོགས་རྟོགས་ཐུབ་བྲལ། དེ་བས་དགེ་རྒན་གྱིས་སྔོན་ལ་དཔེར་བརྗོད།(19+28)+31དང(19+31)+28ལྟ་བུ་བརྩི་རུ་འཇུག་པ་དང་། དེ་ནས།་སློབ་སྦྱོང་ལ་ཅུང་བཟང་པའི་སློབ་མར་འདྲི་གཞི་འདི་གཉིས་ལས་ཁྱོད་ལ་བློ་སྒོའམ་བསྡོམས་ཚིག་ཇི་ཞིག་ཐོབ་ཐུབ་བམ་དང་། ཡང་སློབ་སྦྱོང་ལ་འབྲིང་ཙམ་ཡིན་པའི་སློབ་མར་དེ་ལྟར་སྡེབ་དགོས་དོན་ཅི་ཡིན་ལྟ་བུའི་དྲི་ཚིག་དྲིས་ན། ད་གཟོད་སློབ་མའི་སྡེབ་སྲོལ་སྤྱི་འགྲོས་ཀྱི་གོ་བ་དེ་རྟོགས་ཐུབ་པ་མ་ཟད་དེའི་དགེ་མཚན་གྱང་རྟོགས་ཐུབ། འདི་ལྟ་བུའི་རིམ་པ་དང་སྣ་མང་གི་དྲི་ཚིག་གིས་སྤྲོ་སྣང་གི་སློབ་ཐུན་ཁོར་ཡུག་ཅིག་བསྐྲུན་ཐུབ་པ་མ་ཟད།
སློབ་ཁྲིད་ཀྱི་དམིགས་ཡུལ་ལེགས་པོ་ཞིག་ཡང་བསྐྲུན་ཐུབ་པར་སྙམ།
བཞི་བ ། གྲངས་རིག་སློབ་ཁྲིད་ཁྲོད་དགེ་རྒན་གྱི་སྐད་ཆར་བཟང་བསྟོད་དང་སྐུལ་སློང་གི་ཆ་ལྡན་དགོས།
དགེ་རྒན་གྱིས་སློབ་ཐུན་ཁྲོད་སློབ་མར་རང་འགུལ་གྱིས་སློབ་སྦྱོང་བྱེད་པར་སྐུལ་ལྕག་རང་བཞིན་ལྡན་པའི་སྐད་ཆས་དྲན་སྐུལ་བྱེད་པར་བཟང་བསྟོད་དང་སྐུལ་མ་བྱེད་པའི་སྐད་ཆའི་ཐབས་ལམ་ལ་ཐད་ཀར་རག་ལས། དཔེར་ན། ཐེངས་གཅིག་རྟེན་འབྱུང་གྲངས་ཀྱི་ཤེས་བྱ་སློབ་ཁྲིད་བྱེད་སྐབས།“kནི0ལས་ཆེ་བ་ཁྱོད།མ་ཚེག་བརྒྱུད་པའི་དྲང་ཐིག་ཅིག།སྐལ་མཚམས་དང་པོ་གསུམ་པ་བརྒྱུད།གཡོན་ནས་གཡས་སུ་ཕར་བ་སྟེ།xཇེ་ཆེར་སོང་ནyཇེ་ཆེར་འགྲོ་བའི་དཔའ་རྒོལ་ཁྱོད” (kནི0ལས་ཆུང་བ་བསྡུས། )ཞེས་བ་ལྟ་བུའི་སྡོམ་ཚིག་འདའི་གོ་བ་ལེན་ཚད་དྲི་ཚིག་འདྲི་དགོས།
གལ་ཏེ་སློབ་མ་ཚང་མས་བསམ་བློ་བཏང་བ་འགྲིག་འདུག་ཚེ། དགེ་རྒན་གྱིས“ཁྱོད་ཚོ་ངོ་མ་ངར་བ་རེད”ཞེས་བ་ལྟ་བུའི་སྐད་ཆས་བཟང་བསྟོད་བྱས་ན་ལེགས། འདི་ལྟ་བུའི་སྐད་ཆས་སློབ་མའི་སློབ་སྦྱོང་གི་ཡར་ཐོན་བསམ་བློ་ལ་སྐུལ་འདེད་ཆེན་པོ་བྱེད་ཐུབ་ལ། དགེ་སློབ་བར་ཀྱི་མཛའ་བརྩེ་ཇེ་ཟབ་དང་ཇེ་བརྟན་དུ་འགྲོ་ཐུབ། སློབ་མར་ཡང“དགེ་རྒན་ངོ་མ་བཟང་ཀི”ཞེས་བའི་བསམ་བློ་སྐྱེས་སུ་འཇུག་ཐུབ་པ། སློབ་ཐུན་ཁྲོད་སློབ་སྦྱོང་ལ་ཅུང་ཞན་པ། དུས་རྒྱུན་དྲིས་ལན་འདེབས་པར་སྤྲོ་བ་མེད་པའི་སློབ་མ་ཞིག་གིས་ཐེངས་གཅིག་ལ་དགེ་རྒན་གྱི་དྲི་ཚིག་ལ་ལན་བཏབ་པ་འགྲིག་སོང་བ་ཡིན་ན། དགེ་རྒན་གྱིས“སློབ་གྲོགས་ཚོ། སློབ་གྲོགས××ལ་དགའ་བསུ་བྱོས”ཞེས་བཤད་པ་དང་། ད་དུང་ཚིག་སྙན་ཞིང་བྱམས་བརྩེའི་ངང"ཁྱོད་ཀྱིས་ལན་བཏབ་པ་ཤིན་ཏུ་བཟང"ལྟ་བུ་སོགས་ཀྱི་སྐད་ཆ་ཚིག་གཅིག་གིས་ནི། སློབ་མ་དེར་ཉིན་ཧྲིལ་བོར་སྤྲོ་དགའི་ངང་སློབ་སྦྱོང་བྱེད་འདོད་ཀྱི་བསམ་བློའི་འཇིག་རྟེན་ཞིག་བསྐྲུན་སོང་བ་ཡིན་ལ། ཐ་ན་ཉིན་དེ་ནས་བཟུང་ཁོའམ་ཁོ་མོ་གྲངས་རིག་ལ་སློབ་སྦྱོང་བྱེད་པར་དགའ་བར་འགྱུར་ཡང་སྲིད།
ཉམས་མྱོང་ཅན་གྱི་སློབ་ཆུང་གྲངས་རིག་དགེ་རྒན་ཤིག་གིས་ཚོད་ལྟ་ཐེངས་ཤིག་བྱས་ཡོད།ཁོས་སློབ་མ་ཚོ་ཚོ་ཆུང་བཞི་རུ་བགོས་ཏེ། སློབ་ཁྲིད་ནང་དོན་གཅིག་པ་ཞིག་སློབ་སྦྱོང་བྱེད་དུ་བཅུག ཚོ་ཆུང་དང་པོ་ནི“དགའ་བསུ་འཐོབ་པའི་ཚོ་ཆུང”ཡིན་ལ་དུས་རྒྱུན་དགེ་རྒན་གྱིས་སློབ་མ་ལ་གང་ལ་གང་འཚམས་དང་དེ་ལ་དེ་འཚམས་ཀྱིས་བསྟོད་བསྔགས་དང་བྱ་དགའ་སྟེར་བས་དགའ་བསུ་ཐོབ་གྱི་ཡོད་པས།ཚོ་ཆུང་འདིའི་སྦྱངས་འབྲས་ནི་ཡར་ངོའི་ཟླ་བཞིན་ཡར་རྒྱས་སུ་སོང་བ་རེད། ཚོ་ཆུང་གཉིས་པ་ནི“གཤེ་གཤེ་མྱོང་མཁན་གྱི་ཚོ་ཆུང”ཡིན་ལ་དུས་རྒྱུན་དགེ་རྒན་གྱིས་སློབ་མའི་དྲི་ཚིག་ནོར་སོང་ན་དམའ་འབེབས་དང་སྡིགས་དམོད་གཏོང་གི་ཡོད། གཤེ་གཤེ་དང་སྡིགས་དམོད་ཀྱིས་སློབ་སྦྱོང་ཐད་ཕན་ཐོགས་ཅུང་ཙམ་བྱུང་མོད། དུས་ཡུན་ཅུང་རིང་ཙམ་འགོར་བ་ན། ཕན་ཐོགས་མ་བྱུང་ལ།དེ་ལས་ལྡོག་དེ་སློབ་མའི་སྦྱངས་འབྲས་མར་ངོའི་ཟླ་ལྟར་འགྲིབ་པ་རེད། ཚོ་ཆུང་གསུམ་པ་ན“སྣང་མེད་དུ་འཇོག་པའི་ཚོ་ཆུང”ཡིན་ལ་སློབ་ཁང་གི་གྲུ་ཟུར་ཞིག་ནས་ཚོ་ཆུང་སྔོན་མ་གཉིས་ཀྱི་བཟང་བསྟོད་དང་སྡིགས་དམོད་ལ་ཉན་ནས་འདུག་པ་ལས། དགེ་རྒན་གྱིས་སློབ་མ་ལ་བཟང་བསྟོད་དང་སྡིགས་དམོད་ཅི་ཡང་མི་བྱེད། སློབ་མ་ཚོས་སློབ་སྦྱོང་ལ་ལྟ་བ་ཡང་དག་མེད་པའམ་ཕུགས་འདུན་གསལ་བོ་མེད་པ། ཁ་ཕྱོགས་ངེས་གཏན་མེད་པས། ཚོ་ཆུང་འདིའི་སློབ་མའི་སྦྱངས་འབྲས་ནི་ཚོ་ཆུང་སྔོན་མ་གཉིས་ལས་ཞན། ཚོ་ཆུང་བཞི་བ་ནི“ཚོད་འཛིན་ཐེབས་པའི་ཚོ་ཆུང”ཡིན་པས། བཟང་བསྟོད་དང་སྡིགས་དམོད་མི་བྱེད་ལ་ཚོ་ཆུང་སྔོན་མ་གཉིས་ཀྱི་བཟང་བསྟོད་དང་སྡིགས་དམོད་ལ་ཉན་དུའང་མི་འཇུག དེ་བས་བྱིས་པ་ཚོས་བྱ་དངོས་ལ་མཚར་སྣང་དང་རྟོག་འཆར་གྱིས་ཁེངས་པའི་སེམས་པ་བཀག་རྒྱ་ཐེབས་པ། བྱིས་པ་ཚོ་འཚར་ལོངས་ཀྱི་ཁོར་ཡུག་ལེགས་པོ་ཞིག་མ་བསྐྲུན་ལ། བྱིས་པའི་ནར་སོན་གྱི་བརྒྱུད་རིམ་གལ་ཆེན་ཞིག་གཙིགས་ཆེན་མ་སྣང་བས་བྱིས་པ་ཚོ་བྱ་དངོས་གང་ལའང་སྤྲོ་སྣང་མེད་པ་མ་ཟད། མ་འོངས་པའི་ཕུགས་འདུན་ལ་ཕོག་ཐུག་བཏང་བས་ཚོ་ཆུང་འདིའི་སློབ་མའི་སྦྱང་འབྲས་ཧ་ཅང་ཞན་པོ་འདུག དེ་བས། ཚོད་ལྟ་འདི་ལས་བསྟན་དོན།བྱ་དགའ་དང་ཆད་གཅོད་ནི་ངེས་པར་མཁོ་ལ། དེ་མེད་ན་སློབ་མའི་སྦྱངས་འབྲས་གོང་འཕེལ་དུ་འགྲོ་དཀའ་མོད། འོན་ཀྱང་སློབ་མར་བཟང་བསྟོད་འོས་འཚམས་བྱེད་པ་སྟེ། དགེ་རྒན་གྱིས་སློབ་མར་བཟང་བསྟོད་བྱེད་མཁས་དགོས། ལྷག་པར་དུ་སློབ་སྦྱོང་ལ་མི་དགའ་བ་དང་དཀའ་ཁག་ཡོད་པའི་སློབ་མར་བཟང་བསྟོད་བྱེད་མཁས་དགོས། དཔེར་ན། སློབ་ཁྲིད་སྐབས། དགེ་རྒན་གྱིས་དྲི་བ་ཅུང་སླ་མོའི་རིགས་སློབ་སྦྱོང་ལ་ཅུང་ཞན་པའི་སློབ་མ་དེ་རིགས་ལ་ལན་འདེབས་སུ་བཅུག་ནས། “ལན་བཏབ་པ་ཧ་ཅང་བཟང་། ཡར་ཐོན་ཆེན་པོ་འདུག”ཞེས་པ་ལྟ་བུའི་སྐད་ཆས་དུས་ལྟར་བཟང་བསྟོད་དང་སྐུལ་མ་བྱེད་དགོས། སློབ་གྲོགས་ལ་ལས་རང་འཐད་ཀྱིས་ལག་པ་ཡར་བཀྱགས་ནས་ལན་བཏབ་པ་ནོར་ན་ཡང་།“ལན་བཏབ་པ་ནོར་ཙམ་འདུག་མོད།ཡར་ཐོན་ཆེན་པོ་ཡོད། ཐེངས་རྗེས་མར་ལན་ཡང་དག་པ་ཞིག་འདེབས་ཐུབ་པའི་ཡིད་ཆེས་ཡོད་ལ། ད་དུང་ང་ཚོའི་ཁྱོད་ཀྱི་སྤོབས་པ་ལའང་སློབ་སྦྱོང་བྱེད་དགོས”ཞེས་པ་ལྟ་བུའི་སྐད་ཆས་སྐུལ་མ་བྱེད་དགོས། སློབ་སྦྱོང་ལ་དཀའ་ཁག་ཡོད་པའམ་དུས་རྒྱུན་སློབ་ཐུན་ཁྲོད་ལན་འདེབས་རྒྱུར་མི་དགའ་བའི་སློབ་མས་ལན་བཏབ་པ་འགྲིག་ཚེ། དགེ་རྒན་གྱིས་བཟང་བསྟོད་དང་སྐུལ་མ་ཐེངས་གཅིག་བྱས་ན་སློབ་མ་དེའི་སེམས་གཏིང་ནས་དགའ་སྤྲོ་སྐྱེས་པ་གདོན་མི་ཟ་ཞིང་། ཁོ་ཚོ་རང་ཉིད་ལ་ཡིད་ཆེས་བྱེད་པའི་སྤོབས་པ་ཞིག་ཀྱང་ཤུགས་ཀྱིས་བསྐྱེད་ངེས་ཡིན་པས། སློབ་སྦྱོང་ལ་སྤྲོ་བ་སྐྱེས་པ་དང་སློབ་ཁྲིད་ལ་ནན་ཏན་སྒོས་ཉན་པ། རང་འཐད་ཀྱིས་དྲིས་ལན་འདེབས་པ་སོགས་སློབ་སྦྱོང་ཡར་ཐོན་ཡོང་བར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པར་སྙམ།
ལྔ་བ ། གྲངས་རིག་སློབ་ཁྲིད་ཁྲོད་དགེ་རྒན་གྱིས་སློབ་མར་སྐྱོན་བརྗོད་བྱེད་པའི་སྐད་ཆར་རྩེད་མཚར་ཅན་གྱི་རང་བཞིན་ལྡན་དགོས།
ཁ་དཔེ་ལ“མདའ་མོ་གཅིག་གིས་ཡུ་མོ་གཉིས་བསད”ཞེས་པའི་དཔེ་བཞིན་དུ། སློབ་མར་སྐྱོན་བརྗོད་བྱ་སྐབས་དེའི་སྐད་ཆའི་རྩེད་མཚར་རང་བཞིན་གྱིས་ནི། སློབ་མའི་སློབ་སྦྱོང་ལ་འབད་པ་བྱེད་འདོད་ཀྱི་བསམ་བློར་སྐུལ་ལྕག་ཐེབས་སྲིད།
སློབ་ཁྲིད་ལ་ནན་ཏན་གྱིས་མི་ཉན་པ་དང་སློབ་ཐུན་གྱི་སྒྲིག་ལམ་ཡག་པོ་མི་སྲུང་བ་བཅས་གྱིས་དགེ་རྒན་གྱི་སློབ་ཁྲིད་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད། གནས་ཚུལ་འདི་ལྟ་བུ་བྱུང་ཚེ། དགེ་རྒན་གྱིས་རྩེད་མཚར་དང་དགོད་བྲོ་བའི་སྐད་ཆ་བཀོལ་ནས་སློབ་མའི་སྐྱོན་ཆ་ཕྱིར་གསལ་རྗེན་བྱེད་དགོས། འདི་ལྟར་བྱས་ན་སློབ་མའི་རྣམ་རིག་སྒྲིམ་པར་དྲན་སྐུལ་བྱེད་པར་གྲུབ་འབྲས་ལེགས་པོ་ཞིག་ཐོབ་སྲིད་པ་ཡིན། ཚིག་སྙན་ཞིང་རྒྱང་ལ་སྐོར་ནས་སྐྱོན་བརྗོད་བྱས་ན། སློབ་མས་ཀྱང་སྐྱོན་བརྗོད་དང་ལེན་བྱེད་ཐུབ་ལ་སྐྱོན་ཆ་ངོས་ཟིན་དང་སྒྱུར་བཅོས་བྱེད་ཐུབ་པ་ཡིན།དཔེར་ན། སློབ་ཁྲིད་སྐབས།འཛིན་གྲྭའི་སློབ་མ་ག་གེ་མོ་གཉིས་ཀྱིས་ཁ་བརྡ་བྱེད་སྐབས། དགེ་རྒན་གྱིས“དེ་རིང་སློབ་གྲོགས་ཚོས་ཁ་བརྡ་མི་བྱེད་པས་ངོ་མ་བཟང་། ལྟོས་དང་། གྲལ་ཤར་དང་པོའི་སློབ་མ་ག་གེ་མོ་གཉིས་ཧ་ཅང་མཐུན་པོ་འདུག། ཁོ་གཉིས་ཀྱིས་དུས་རྒྱུན་འདྲི་གཞི་ལ་རྩད་བསྡུར་ཞིབ་མོ་བྱེད་བཞིན་ཡོད་པས། ཁོ་གཉིས་ནི་གྲལ་ཤར་དང་པོའི་མིག་དཔེ་ལྟ་ས་མ་ཡིན་ནམ”ཞེས་པ་ལྟ་བུ་དང་། ཡང་སློབ་གྲོགས་ལ་ལའི་མིག་དབང་གཞན་ལ་འཁོར་སྐབས། དགེ་རྒན་གྱིས“སེམས་ཆུང་བྱོས་དང་། མིག་རྡོག་སར་ལྷུང་ན་རྙེད་དཀའ”ལྟ་བུ་དང་། ཡང་སློབ་མ་ལ་ལ་སློབ་ཐུན་ཁྲོད་གཉིད་ཅག་རྒྱག་སྐབས། “རྨི་ལམ་ཁྲོད་དུ་བྱིས་པའི་དུས་ཆེན་ཐོན་པ་རྨིས་སམ་ཡང་ན་ལོ་སར་ཚེས་གཅིག་ཐོན་པ་རྨིས་བྱུང་། སྐྱིད་པོ་ཨེ་འདུག”ཡང་ན་སློབ་གྲོགས་ལ་ལའི་བསམ་བློ་སློབ་ཁྲིད་ལ་འཁོར་གྱིན་མེད་པའི་སྐབས“སློབ་གྲོགས་ལ་ལའི་་སེམས་ད་རུང་ཡུལ་ན་ཡོད་པའམ་རྩལ་སྦྱོང་ར་བ་ན་ཡོད་པ་འདྲ”ལྟ་བུའི་སྐད་ཆ་རྩེད་མཚར་ཅན་གྱིས་དྲན་སྐུལ་བྱས་ན། སློབ་ཐུན་གྱི་ཁོར་ཡུག་སྤྲོ་དགས་ཁེངས་འགྲོ་ལ། སློབ་མའི་རྣམ་རིག་ཀྱང་ཤུགས་ཀྱིས་སློབ་ཐུན་ཁྲོད་དྲངས་ཡོང་ཞིང་། དགེ་རྒན་གྱི་སྐྱོན་བརྗོད་དམིགས་ཡུལ་དེའང་འགྲུབ་ཐུབ་པ་ཡིན་ལ། སློབ་མའི་སེམས་སུ་ཕོག་ཐུག་མི་བཟོ་བས་སློབ་མའི་ལྡོག་ཕྱོགས་ཀྱི་བསམ་སྤྱོད་དང་དགེ་རྒན་ལ་ངོ་རྒོལ་བྱེད་འདོད་ཀྱི་བློ་ཇུས་དེ་ཡང་ཤུགས་ཀྱིས་ཡལ་སྲིད།
དགེ་རྒན་གྱིས་དུས་རྒྱུན་དྲི་བ་དང་ཐེ་ཚོམ་གྱི་སྐད་ཆ་དྲངས་ནས་སློབ་མར་དྲི་བ་བཏོན་ན། སློབ་མར་བསམ་བློ་གཏོང་བའི་དུས་ཚོད་ཀྱི་བར་སྟོང་ཞིག་བསྐྲུན་ཐུབ། དགེ་རྒན་གྱིས་སློབ་ཐུན་ཁྲོད་ཀྱི་སློབ་མའི་དྲིས་ལན་ལ་དཔྱད་འཇོག་བྱ་ཚེ། ཚིག་ཉུང་ལ་བསྐྱར་ཟློས་མེད་པ། སྐད་འཇམ་ཞིང་གདངས་སྙན་པ་ཞིག་ཡིན་ན། སློབ་མས་ཉན་ཚོད་ཀྱིས་དགེ་རྒན་གྱི་དཔྱད་འཇོག་གམ་བཟང་བསྟོད་ཀྱི་སྐད་ཆ་ནི་རྣམ་དག་ངོ་མ་ཡིན་པའི་ཚོར་སྣངསྟེར་ཐུབ།སློབ་ཐུན་ཁྲོད། སློབ་མར་སྐྱོན་བརྗོད་བྱ་སྐབས། དོན་དངོས་དང་མཐུན་ཞིང་སློབ་མའི་སེམས་ལ་འབབ་ཐུབ་པ་ཞིག་བྱས་ན། སློབ་མས་སྐྱོན་བརྗོད་དང་ལེན་བྱེད་ཐུབ་ལ་དགེ་རྒན་ལ་ངོ་རྒོལ་གྱི་ལྟ་སྟངས་ཀྱང་འཛིན་མི་སྲིད། སློབ་ཐུན་ཁྲོད་ཀྱི་ཁ་མཚར་དེ་ཡང་ཚིག་གདངས་དོ་མཉམ་ཞིང་དགོད་བྲོ་བའི་བརྙན་རིས་སེམས་ལ་འཆར་ཐུབ་པ་ཞིག་བྱས་ནས། སློབ་མས་དགེ་རྒན་གྱིས་ང་ཚོར་མཚང་འདྲི་གིན་འདུག་ཞེས་པའི་བློ་སྐྱེས་སུ་འཇུག་མི་རུང་བར། སྤྲོ་སྣང་གི་ཁྲོད་ནས་སློབ་ཁྲིད་ཀྱི་དམིགས་ཡུལ་དེ་འགྲུབ་ཐུབ་པ་བྱེད་དགོས།
དྲུག་པ། མཇུག་བསྡུ་བ།
མདོར་བསྡུས་ན། དགེ་རྒན་གང་ཞིག་དང་ལྷག་པར་དུ་གྲངས་རིག་དགེ་རྒན་གང་ཞིག་ཡིན་རུང་སློབ་ཐུན་གྱི་འགོ་མཇུག་བར་གསུམ་དུ། ཁྱོད་ཀྱིས་ནུས་ཤུགས་གང་ཡོད་ཀྱི་སྒོ་ནས་སློབ་ཁྲིད་ཀྱི་དམིགས་ཡུལ་ལེགས་པོ་ཞིག་ཡོང་རྒྱུ་ནི་ཆེས་དགོས་ངེས་ཀྱི་གནད་དོན་ཞིག་ཡིན་པས།
དགེ་རྒན་གྱིས་ཀྱང་ནུས་ཤུགས་གང་ཡོད་ཀྱི་ཐབས་སྣ་ཚོགས་ལ་བརྟེན་དགོས་ལ། ལྷག་པར་དུ་གྲངས་རིག་སློབ་ཐུན་སྐད་ཆ་ལ་གཏན་ཚིགས་རང་བཞིན་དང་། ཚན་རིག་གི་རང་བཞིན་དང་གསོན་ཉམས་རང་བཞིན། ཁ་མཚར་དང་དགོད་བྲོ་བའི་རང་བཞིན། མཛའ་བརྩེ་དང་གསོན་ཉམས་ཀྱིས་ཕྱུག་པ། རང་བྱུང་ཡིན་ལ་ལུགས་མཐུན་ཡིན་པ་བཅས་ཀྱི་ཁྱད་ཆོས་སོགས་ལྡན་པས་ན། ད་གཟོད་སློབ་མའི་སློབ་སྦྱོང་ལ་འཛིན་པའི་རྣམ་འགྱུར་དང་ལྟ་སྟངས་ལ་ཤུགས་རྐྱེན་བཟང་པོ་ཞིག་ཐེབས་སྲིད་ལ། སློབ་མར་སློབ་སྦྱོང་བྱེད་འདོད་ཀྱི་ངར་ཤུགས་ཀྱང་སློང་ཐུབ།དེ་བས་སློབ་ཁྲིད་ཁྲོད་དགེ་རྒན་གྱིས་སློབ་ཐུན་སྐད་ཆ་དེ། སྒྱུ་རྩལ་གྱིས་ཕྱུག་པའི་ཡིད་འོང་གི་སྐད་ཆའི་རྣམ་པ་ཞིག་ཏུ་བསྒྱུར་ནས། སློབ་མའི་རྣ་བས་ཉན་པ་ཙམ་གྱིས་ཀླད་པར་འགྲོ་བ་དང་། སེམས་སུ་རྡོ་ལ་རི་མོ་བརྐོས་བ་བཞིན་ཡིད་ལ་འཛིན་ཐུབ་པ་ཞིག་བྱས་ན། ད་གཟོད་དགའ་སྤྲོ་དང་ལྷོད་གཡེང་ངང་སློབ་ཐུན་གཅིག་གི་སློབ་ཁྲིད་ཀྱི་དམིགས་ཡུལ་ལེགས་པོ་ཞིག་འགྲུབ་ཐུབ་སྙམ་མོ།
ཟུར་ལྟའི་དཔྱད་གཞི།
[1] 刘媚媚.小学数学教学技能[M].上海:华东师范大学出版社,2011.
[2] 黄荣金、李业平..数学课堂教学研究[M].上海:上海教育出版社,2010.
[3] 汪绳祖.小学数学教育学[M].上海:高等教育出版社,2007.
[4] 王建波.义务教育数学课程标准[M]
.北京:北京师范大学出版社,20012.
[5] 徐建军.浅谈教师语言在小学数学课堂中的应用[J].
[6] 邢志香和郝娜.小学生多功能数学词典[M].北京:话语教学出版社,2012
[7] སློབ་གསོ་ལག་ལེན་རྣམ་བཤད།
གཅན་རོང་བསྟན་འཛིན། [M] .云南民族出版社,2003.