— སྙན་བཟང་པདྨ་རིན་ཆེན།(རེབ་གོང་།)
ལོ་ཟླའི་འཁོར་འགྲོས་ཆུ་བོའི་རྒྱུན་ལས་མགྱོགས།།
སྤྱི་ཚོགས་འཕེལ་འགྱུར་རྟ་ཕོའི་བང་ལས་མྱུར།།
དུས་རབས་གསར་བའི་དགའ་འཛུམ་སྟོན་པའི་དུས།།
རྙིང་ཞེན་མཁྲེགས་འཛིན་བྱེད་པ་སུ་ཡི་སྐྱོན།།
རྒྱུ་ཅན་གོང་དུ་བཀུར་བ་དབུལ་བོའི་སྲོལ།།
རྒྱུ་མེད་བརྙས་བཅོས་བྱེད་པ་ཕྱུག་པོའི་ལུགས།།
དབུལ་ཕྱུག་ཁྱད་པར་ཙམ་གྱི་བགོ་སྐལ་ལ།།
སྲོལ་ངན་འདི་འདྲ་དར་དང་ཁྱབ་པ་ཅི།།
རྒྱུ་དང་ངོ་སོ་ཙམ་ཞིག་འཐོབ་པའི་ཆེད།།
རང་གི་ཤ་ལས་མཆེད་པའི་བུ་མོ་རྣམས།།
བཙན་གྱིས་གནས་ལ་རྫོང་བའི་ཕ་མ་དག།
རང་འདུན་གཞན་གྱི་སྡུག་ཏུ་ཅིའི་ཕྱིར་སྦྱར།།
རྩྭ་ས་ལག་མཐིལ་ཙམ་ཞིག་བདག་འཛིན་སླད།།
ཕུ་ནུ་ནང་དམེ་བྱེད་པའི་གཡུལ་བཤམས་ཏེ།།
རང་རིགས་རང་གིས་བརླགས་པའི་བོད་མི་འགས།།
སྐྱོ་གར་འདི་འདྲ་འཁྲབ་པ་གང་གི་ཆེད།།
འུར་ཆ་མགོ་རུ་ཡང་ཡང་སྐོར་བཞིན་དུ།།
དཀར་ནག་ཕྱུགས་རྗེས་འབྲང་བའི་བྱིས་པ་ཚོས།།
ལ་ལུང་རི་ན་མི་ཚེ་ཟད་པ་འདི།།
དབང་ཆེན་སུ་ཡིས་བསྩལ་པའི་ལས་སྐལ་ཡིན།།
གཡོ་ཁྲམ་ལས་ལ་མཁས་པ་གྲུང་བོར་རློམ།།
དུ་ཆང་གྲོགས་ལ་བརྩི་བ་མཆོག་ཏུ་འཛིན།།
གཞན་སེམས་བསླུ་ལ་མཁས་པའི་སྐྱེ་བོ་རྣམས།།
རྒྱུ་འབྲས་རྒྱ་མ་སེམས་སུ་མ་བཟུང་ངམ།།
རྒྱང་རིང་མ་ཡུམ་སློབ་གྲྭའི་དགའ་ཚལ་ནས།།
བྱམས་ལྡན་ཕ་མའི་རེ་ལྟོས་རྒྱང་དུ་བོར།།
ནམ་རྒྱུན་རྩེད་འཇོར་གཡེང་བའི་སློབ་བུ་ཚོས།།
ཕ་མའི་གདོང་གི་གཉེར་རིས་མ་བརྩིས་སམ།།
བོད་སྐད་བཤད་ན་བླུན་པོར་བརྩི་མཁན་མང་།།
བོད་ཡིག་བཀོལ་སྤྱོད་མཁོ་མེད་སྨྲ་མཁན་མང་།།
བོད་ལྭ་གྱོན་ན་ངོ་ཚར་སྙམ་མཁན་མང་།།
རང་ལུས་བོད་ལས་སྤྱུགས་པའི་ཐབས་ཡོད་དམ།།