第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 教师作品 > བོད་ཁུལ་སློབ་འབྲིང་སློབ་མའི་ཀུན་སྤྱོད་སློབ་གསོའི་སྐོར་རགས་ཙམ་གླེང་བ།

བོད་ཁུལ་སློབ་འབྲིང་སློབ་མའི་ཀུན་སྤྱོད་སློབ་གསོའི་སྐོར་རགས་ཙམ་གླེང་བ།

2023年06月02日 15:33:26 访问量:139 作者:完么仁青

དམའ་འབྲིང་བསམ་བློ་ཀུན་སྤྱོད་ཀྱི་བསླབ་གཞི་དང་འབྲེལ་ནས་བོད་ཁུལ་སློབ་འབྲིང་སློབ་མའི་ཀུན་སྤྱོད་སློབ་གསོའི་སྐོར་རགས་ཙམ་གླེང་བ།

—— སྙན་བཟང་པདྨ་རིན་ཆེན།རེབ་གོང་།

ནང་དོན་གནད་བསྡུས།དུས་རབས་ཀྱི་འཕེལ་ཁ་གློག་ལྟར་མྱུར་ཞིང་། འགྲན་རྩོད་ཀྱི་རྦ་རླབས་དྲག་དུ་འཕྱུར་བཞིན་པའི་ དུས་རབས་འདིར་འཚོ་གནས་བྱེད་པའི་འགྲོ་བ་མིའི་མཚན་བཟང་མངའ་བའི་མི་བུ་ཞིག་གི་ངོས་ཐད་ནས་བཤད་ན། རང་ཉིད་མི་ ཞིག་ཡིན་པ་ཙམ་གྱི་རྫིག་རྫིག་གི་ཉམས་དེ་ཁོ་ན་ཙམ་གྱིས་མི་ཆོག་པར་མི་ཞིག་གིས་བྱེད་དགོས་ངེས་ཀྱི་དོན་དེ་འཁྱོངས་རྒྱུ་ནི་ཧ་ ཅང་ཁ་ཚ་དགོས་གཏུགས་ཅིག་ཡིན་འདུག་པ་ཀུན་གྱིས་མཁྱེན་གསལ་ལྟར། ང་ཚོ་བོད་རིགས་ཀྱི་སློབ་འབྲིང་སློབ་མ་དག་ལ་ མཚོན་ནས་བཤད་ནའང་དེ་ལས་མ་འདས་པ་ཡིན་པས། དཔྱད་རྩོམ་འདིར་དམའ་འབྲིང་བསམ་བློ་ཀུན་སྤྱོད་བསླབ་དེབ་ཀྱི་ནང་ དོན་དང་འབྲེལ་ནས་བོད་ཁུལ་སློབ་འབྲིང་སློབ་མའི་ཀུན་སྤྱོད་སློབ་གསོའི་སྐོར་རགས་ཙམ་གླེང་ཡོད་པ་ཡིན།

བརྡ་ཆད་གཙོ་བོ།བོད་ཁུལ།  སློབ་འབྲིང་སློབ་མ།  ཀུན་སྤྱོད་སློབ་གསོ།

དང་པོ། བོད་ཁུལ་གྱི་སློབ་འབྲིང་སློབ་མའི་འགན་འཁྲི།

སྤྱིར་གོ་ལ་ཟླུམ་པོ་འདིར་འཚོ་བཞེས་གནང་བཞིན་པའི་མི་བུ་སུ་ཞིག་ཡིན་རུང་དེའི་འཚོ་བ་རོལ་སྟངས་དང་ཡུལ་སྲོལ་ གོམས་གཤིས། རིག་པའི་གཞུང་ལུགས་གང་ཞིག་གི་ངོས་ནས་གླེང་ནའང་དེ་དག་ནི་མི་རབས་སྔོན་མ་དག་ལས་བཞེངས་བསྐྲུན་ བྱས་པའི་འབྲས་བུ་དང་། དེའི་འབྲས་བུའི་སྟེང་རང་ཉིད་ཀྱི་ཁ་གསབ་གནང་ནས་འཐུས་སྒོ་ཇེ་ཚང་དང་རྣམ་པ་ཇེ་ལེགས་སུ་བཏང་ བ་ནི་སྨོས་མེད་ཡིན་པས། ད་ནི་དུས་རབས་ཀྱི་གོམ་སྟབས་མང་པོ་ཞིག་ལ་རྫོགས་ཚིག་བྲིས་ཏེ་བརྡ་འཕྲིན་དུས་རབས་ཀྱི་ཚ་རླབས་འཕྱུར་བའི་དུས་ལ་བབས་ཡོད་པས། ང་ཚོ་བོད་ཁུལ་གྱི་སློབ་འབྲིང་སློབ་མ་དག་ལ་མཚོན་ནས་བཤད་ནའང་རང་ཉིད་ཀྱི་ཕྲག་སྟེང་ལ་བབས་ཡོད་པའི་འོས་འགན་ལྕི་མོ་དེ་ནམ་ཡང་འདོར་མི་རུང་བ་ཞིག་སྟེ། དེང་གི་དུས་འདིར་སྔོན་ཆད་དང་མི་འདྲ་བར་ཡུལ་གྲུ་མང་ཆེ་བ་ཞིག་ལ་འགྲིམ་འགྲུལ་སྟབས་བདེ་དང་། འཐུང་ཆུ་མོད་པ། གློག་ཤུགས་བཀོལ་སྤྱོད་སོགས་ནི་ཁྱབ་རྒྱ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ལགས་པས། སྔོན་མའི་དུས་རབས་དག་གི་ཕྱུགས་བརྫི་ནང་བཞིན་རྫི་གླུ་ཐན་ཐུན་བླངས་ནས་ཉི་མ་གང་འཁྱོལ་དང་། ག་བྱེད་འདི་བྱེད་མེད་པར་རང་འགར་དུས་ཚོད་ཆུད་ཟོས་སུ་གཏོང་བའི་མི་ཚེའི་རིན་ཐང་མ་ཚོར་བ་དེ་དག་དང་གཏན་ནས་མི་འདྲ་བར་དུས་རབས་ཉེར་གཅིག་པའི་རྒྱལ་ཁའི་དཔའ་དར་མཁའ་རུ་བསྒྲེངས་མཁན་གྱི་སྤྱོད་ཡོན་གཉིས་དང་ལྡན་པའི་མི་ཞིག་བྱས་ཏེ། མ་ཡུམ་མེས་རྒྱལ་ལ་སེམས་ཁུར་དང་ཕ་ཡུལ་འཛུགས་སྐྲུན་ལ་རེམས་པའི་དུས་རབས་ཀྱི་དཔའ་བོ་ངོ་མ་ཞིག་དུ་འགྱུར་བར་དཀའ་བ་བརྒྱ་དང་ངལ་བ་སྟོང་ལ་གདོང་གཏོད་ཐུབ་པ་ཞིག་ཡིན་ན། ད་གཟོད་ཕ་མའི་རེ་འབྲས་ཡོངས་སུ་བསྐངས་ཏེ་སྤྱི་ཚོགས་འདིར་མེད་དུ་མི་རུང་བའི་མི་ཞིག་ཏུ་འགྱུར་བར་གདོན་མི་ཟ་བ་དང་མི་ལུས་རིན་ཆེན་དོན་མེད་དུ་ཆུད་ཟོས་སུ་མ་བཏང་བ་ཡིན་པ་ནི་ང་ཚོས་ཡབ་མེས་དམ་པ་དག་གི་མཛད་བཟང་ལས་མཐོང་ཐུབ་པར་མ་ཟད། ཁོང་རྣམས་ཀྱིས་ལེགས་བཤད་དྲི་མ་མེད་པ་དག་ལས་ཀྱང་རྟོགས་ཐུབ་པ་ནི་དཔེ་མཚོན་རེ་གཉིས་ཙམ་ཞིག་དྲངས་པ་ལ། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་སྐྱ་ལེགས་བཤད་ལས། “རིག་པ་ནང་པར་འཆི་ཡང་བསླབ།། ཚེ་འདིར་མཁས་པར་མ་གྱུར་ཀྱང་།། སྐྱེ་བ་ཕྱི་མར་བཅོལ་བ་ཡིས།། ནོར་ལ་རང་ཉིད་ལེན་པ་འདྲ།། ”ཅེས་གསུངས་པ་དང་། ཉམས་མེད་ཙོང་ཁ་པ་ཆེན་པོ་ནས། “བསམ་པ་བཟང་ན་ས་དང་ལམ་ ཡང་བཟང་།། བསམ་པ་ངན་ན་ས་དང་ལམ་ཡང་ངན།། ཐམས་ཅད་བསམ་པ་དག་ལ་རག་ལས་པས།། བསམ་པ་བཟང་པོ་ཕྱོགས་སུ་བརྩོན་པར་གྱིས།།”ཞེས་དང་། ཡང་སྟོན་པ་ཤཱཀྱ་ཐུབ་པ་མཆོག་ནས། “འདུལ་བ་འདུལ་བ་ངས་མི་ཤེས།། རང་སེམས་འདུལ་ན་འདུལ་བ་ཡིན།།”ཞེས་པ་དང་། དམངས་ཁྲོད་བསླབ་བྱགནའ་རྒྱའི་ཚེ་ལོལས། “མི་ལུས་ཡང་ཡང་ལོན་རྒྱུ་དཀའ་མོ་རེད།། རྙེད་པར་དཀའ་བ་རི་བོང་རྭ་དང་འདྲ།། ཡལ་བར་སླ་བ་གནམ་མཁའི་འཇའ་དང་འདྲ།། ད་རེས་ཙམ་ལ་མི་ལུས་རིན་ཆེན་ཐོབ།། ”ཅེས་པ་སོགས་ལས་གཅིག་ན་མིའི་ལུས་རྟེན་རྙེད་དཀའ་བ་དང་། གཉིས་ན་དེ་དོན་མེད་འཕྲོག་བརླག་ཏུ་གཏོང་མི་རུང་བར་མི་ལུས་འཐོབ་པའི་ལག་རྗེས་ཤིག་འཇོག་དགོས་པའི་སྐུལ་མ་གནང་ཡོད་པས། ང་ཚོ་སློབ་འབྲིང་སློབ་མ་དག་གི་ངོས་ནས་བཤད་ན་མི་ལུས་འཚར་སྐྱེ་དང་རིག་པ་བཙོ་སྦྱངས་བྱེད་པའི་ཆེས་གནད་འགག་གི་དུས་སྐབས་ཤིག་ཡིན་ཙ་ན། རིག་གཞུང་རྒྱ་མཚོ་ལ་ཤུགས་ཀྱིས་འཇུག་པར་བྱས་ཏེ་རང་ཉིད་དང་རང་གི་ཕ་མ། ད་དུང་ནམ་ཡང་རང་གིས་བདག་དབང་བྱས་ཆོག་ཆོག་གི་ས་ཁོངས་འདི་དང་རིགས་རྒྱུད་འདིའི་ཆེད་དུ་འདྲ་མཉམ་གཉིས་ཕན་དང་རོགས་རེས་མཉམ་ལས་ཀྱིས་འདུ་ཤེས་བཟང་པོ་ཞིག་གསོ་སྐྱོང་བྱས་ཏེ་མཉམ་དུ་འཚར་ལོངས་དང་ཡར་རྒྱས་ཡོང་བ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་འདུག་པར་སྙམ། འདིའི་ཐད་དམའ་འབྲིང་བསམ་བློ་ཀུན་སྤྱོད་ཁྲོད་ཀྱང་གསལ་བོར་བཀོད་ཡོད་དེ། དཔེར་ན། “བྱ་གཞག་གང་འདྲ་ཞིག་ལེགས་འགྲུབ་ཡོང་བར་མཉམ་ལས་གང་ལེགས་བྱེད་དགོས། དེང་རབས་ཀྱི་དཔལ་འབྱོར་གོང་འཕེལ་འགྲོ་བ་དང་། སྤྱི་ཚོགས་མཐུན་སྦྱོར་ཡོང་བ། ཚན་རྩལ་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པ་སོགས་ཚང་མ་ནི་མཉམ་ལས་ལོངས་སུ་སྤྱད་པའི་འབྲས་བུ་ཞིག་ཡིན།”ཞེས་དང་། ཡང་ན། “མིའི་ཚེ་སྲོག་གི་ཐུན་མོང་མིན་པའི་རང་བཞིན་འབུར་དུ་ཐོན་པར་བྱེད་པའི་མཚོན་ཚུལ་ནི་སྲོག་ཆགས་དང་རྩི་ཤིང་། སྐྱེ་དངོས་ཕྲ་རབ་སོགས་དང་བསྡུར་ན། མིའི་རིགས་ཀྱི་ཚེ་སྲོག་ལ་བློ་གྲོས་དང་ཤེས་རབ་ཆེས་ཆེར་ལྡན་ཡོད།”ཞེས་པ་སོགས་ལས་མི་གཞི་ཚད་ལྡན་ཞིག་བཞེངས་བསྐྲུན་བྱེད་པའི་རེ་འདུན་བླ་ལྷག་ཏུ་བཏོན་ཡོད་དོ།།

གཉིས་པ། སློབ་མ་རང་ཉིད་ཀྱི་སྤྱོད་ལམ་སྐོར་གླེང་བ།

“བལ་བོའི་སེའུ་མ་ཟོས་ཀྱང་།། ཁ་དོག་ཉིད་ལས་བྲོ་བ་ཤེས།། བློ་དང་ལྡན་ན་མ་སྨྲོས་ཀྱང་།། རྣམ་འགྱུར་ཉིད་ལས་ བསམ་པ་གོ།།ཅེས་གསུངས་པ་ལྟར།མི་ཞིག་གི་ཀུན་སྤྱོད་བཟང་ངན་དེས་ཐད་ཀར་མི་དེའི་མཚན་སྙན་གྲགས་ལ་ཤུགས་རྐྱེན་ཐེབས་འགྲོ་བ་ལྟར། ཀུན་སྤྱོད་བཟང་པོ་དེ་ནི་མི་དེའི་འཚོ་བའི་ཉམས་མྱོང་དང་བྱ་བའི་ལེགས་ཉེས་ལ་བླང་དོར་ཡང་ཡང་བྱས་པའི་ལེགས་པའི་འབྲས་བུ་ཞིག་ཡིན་པར་བཤད་ཆོག་ལ། གཞན་ཡང་ཡོད་ཚད་རྒྱུ་ནོར་དང་དབང་ཐང་། ཤེས་རིག་གིས་ཐག་གཅོད་བྱེད་པའི་དུས་རབས་འདི་ལྟ་བུ་ཞིག་གི་ངོས་ནས་གླེང་ན། སྤྱི་ཚོགས་ནི་སྣ་མང་རྙོག་འཛིང་གི་སྤྱི་འདུས་ཤིག་ཡིན་ཙ་ན། དེའི་ཁྲོད་འཚོ་བ་རོལ་བའི་མི་བུ་གང་དེར་མཚོན་ན་ནི་སྤྱི་ཚོགས་འཚོ་བ་དང་ཁ་བྲལ་ཐབས་མེད་པས། ང་ཚོར་ལེགས་ཉེས་དང་བཟང་ངན་གྱི་དབྱེ་བ་འབྱེད་ཐུབ་པའི་ཡེ་ཤེས་ཀྱི་སྤྱན་ཟུང་ཞིག་ཡོད་དགོས་པ་ལ་སློབ་གསོར་རག་ལས་ཆེན་པོ་ཡོད་པ་ནང་བཞིན་དུ་རང་རེའི་བོད་ཁུལ་གྱི་ས་ཆ་སོ་སོར་ཉེ་བའི་ལོ་འདི་དག་གི་རིང་ལ་ཆབ་དཔལ་རིག་གསུམ་དབྱར་མཚོ་བཞིན་ཇེ་རྒྱས་ཇེ་ལེགས་སུ་སོང་དང་འགྲོ་བཞིན་ཡོད་པ་འདི་ལའང་སློབ་གསོས་ཕྱོགས་ཡོངས་ནས་དག་ཐེར་དང་ལེགས་བཅོས་བླ་མེད་གནང་ཡོད་པས། སློབ་གསོ་ནི་མིའི་རིགས་ནས་བྱུང་ཞིང་ཕྱིར་མིའི་རིགས་གསོ་སྐྱོང་ལ་ཞབས་འདེགས་ཞུ་བའི་རྨང་རྡོ་དང་མ་ལག་གལ་ཆེན་ཞིག་ཏུ་གྱུར་འདུག་ཕྱིར། ང་ཚོ་སློབ་བུ་དག་ནི་མེས་རྒྱལ་དང་མི་རིགས། ཕ་ཡུལ་གྱི་མ་འོངས་པའི་རེ་བ་བཅོལ་ས་དང་མིག་ལྟོས་བྱེད་སའི་གཞི་འཛིན་ངོ་མ་དེ་ཡིན་པས། ང་ཚོ་ནི་དུས་རབས་དང་འཚམ་པ། སྤྱི་ཚོགས་དང་འདྲིས་པ། སྤྱོད་ཡོན་དང་ལྡན་པའི་མི་ཞིག་བྱེད་པ་ལ་སློབ་གསོ་དང་བྲལ་མི་རུང་བ་ནི་བཤད་མ་དགོས་མོད། འོན་ཀྱང་སློབ་གསོ་ཞེས་ཆེ་ཕྱོགས་ནས་གླེང་ཀྱང་མདོར་བསྡུས་ན་སྤྱི་ཚོགས་སློབ་གསོ་དང་ཁྱིམ་ཚང་སློབ་གསོ། སློབ་གྲྭའི་སློབ་གསོ་སྟེ་ཕྱོགས་གསུམ་དུ་བསྡུ་ཆོག་པ་ལས་འདིར་སློབ་གྲྭའི་སློབ་གསོ་ལས་སློབ་མའི་ཀུན་སྤྱོད་སློབ་གསོའི་སྐོར་ཅུང་ཟད་གླེང་བར་འདོད་པ་ལ།

  ལུས་ཀྱི་སྤྱོད་ལམ་ལེགས་བཅོས་གཏོང་བ།

སློབ་སྦྱོང་གི་འཚོ་བའི་གོ་རིམ་ཁྲོད་ནས་དམའ་འབྲིང་དང་མཐོ་འབྲིང་གི་དུས་སྐབས་འདི་ནི་སློབ་མའི་སྤྱོད་ལམ་དང་ ཤེས་ཡོན་ཕྱོགས་ཡོངས་ནས་རྨང་གཞི་འདིང་ལེགས་ཤོས་ཀྱི་དུས་སྐབས་ཤིག་ཡིན་ལ། ལྷག་པར་དམའ་རིམ་སློབ་འབྲིང་གི་ བསམ་བློ་ཀུན་སྤྱོད་སློབ་གཉེར་གནང་བའི་གོ་རིམ་ཁྲོད་ནས་ང་ཚོས་ལུས་ངག་ཡིད་གསུམ་གྱིས་སྤྱོད་ལམ་ལ་ལེགས་བཅོས་མང་དུ་མཛད་ནས་མི་ཚེའི་རིན་ཐང་ཚོར་དགོས་པའི་སྐོར་བསླབ་མྱོང་བས། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་ཞལ་སྔ་ནས་“བླ་མ་མེད་པའི་གོང་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། བསྐལ་བ་སྟོང་གི་སངས་རྒྱས་ཀྱང་།། བླ་མ་དག་ལ་བརྟེན་ནས་བྱུང་།།”ཅེས་གསུངས་པ་ནང་བཞིན་དུ་དགེ་བའི་བཤེས་གཉེན་དག་གི་བཀོད་འདོམས་དང་སློབ་སྟོན་འོག་རང་ཉིད་རང་གི་མགོན་དུ་འགྱུར་བ་ལ་བརྩོན་དགོས་འདུག   ནམ་རྒྱུན་ང་ཚོས་བྱ་བ་ཅི་ཞིག་བསྒྲུབས་ཀྱང་རང་སར་མི་བཞག་དང་མི་སར་རང་འདུག་མཁས་པོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད་བསམ། རྒྱུ་མཚན་ནི་ང་ཚོ་མི་སུ་ཞིག་ཡིན་རུང་ཕ་རོལ་གྱི་མི་བུ་གང་དེའི་མིག་ལམ་དུ་བཤམས་སྟོན་གནང་རྒྱུ་ནི་རང་གི་ཕྱི་གཟུགས་ཙམ་ཡིན་འདུག་པས། ཐོག་མར་རང་གི་ཕྱི་ཚུལ་དེའང་བབས་ཆགས་དང་གཞན་གྱི་མིག་ལ་རན་པ་ཞིག་བྱེད་རྒྱུ་དེ་ལ་མཉམ་འཇོག་ལེགས་པོ་གནང་དགོས། མི་ཁ་ཤས་ཤིག་གིས་ཕྱིའི་རྫིག་ཉམས་དེ་རང་གི་ཡོན་ཏན་དུ་བསམ་གྱིན་ཡོད་རུང་། འོན་ཀྱང་དེ་ནི་དོན་ངོ་མར་མིའི་མིག་ལ་མི་རན་པ་དང་སེམས་ལ་མི་འབབ་པ་ཞིག་ཡིན་པ་ནི་ཚང་མས་ཤེས་གསལ་ལྟར། དེའི་མི་བུ་གང་དེའི་འོད་སྟོང་འབར་བའི་མི་ཚེ་ལ་བར་ཆད་དང་མདུན་ལམ་ལ་གོད་ཆག་ཐེབས་ངེས་པས། སྔོན་བྱོན་མཁས་པའི་བསླབ་བྱ་ལས། “ཤིང་ལས་བྱས་པའི་སེང་གེ་དེ།། འཇིགས་འཇིགས་འདྲ་ཡང་སྙིང་བོ་མེད།།”ཅེས་བརྗོད་པ་ལྟར། ང་ཚོ་དལ་འབྱོར་གྱི་མི་ལུས་རིན་ཆེན་འཐོབ་པའི་མི་ཞིག་གམ་ཡང་ན་སློབ་གསོ་མྱོང་བཞིན་པའི་མི་ཞིག་ལ་མཚོན་ན་ཐོག་མར་རང་གི་སྣང་བརྙན་ལེགས་པོ་ཞིག་དོད་རྒྱུ་ནི་གནད་གྱི་དོན་པོ་ཡིན་ལ། མ་མཐའ་ཡང་ད་རེས་མིའི་ལུས་རྟེན་འདི་ནི་རྟེན་འབྲེལ་དུ་མ་དང་། རྒྱུ་རྐྱེན་སྣ་ཚོགས། ཕ་མའི་བཀའ་དྲིན་ལས་བྱུང་བ་ཡིན་པས། ནར་སོན་གྱི་ལོ་ཟླའི་ཁྲོད་ནས་ཕྱིར་ཕ་མ་དང་གཉེན་ཉེ། མི་རིགས་དང་རྒྱལ་ཁབ་ལ་ལག་རྗེས་ཨེན་ཙམ་འཇོག་ཐུབ་པ་བྱས་ཏེ་མི་ལུས་ཐེངས་ཤིག་བླངས་པ་འདི་དོན་ཡོད་བྱ་དགོས་ན་ནི། ཕྱི་ལུས་ཀྱི་འགྲོ་འདུག་སྤྱོད་གསུམ་ཕྱོགས་ཀུན་ནས་ཡག་ཐོག་ཡག་བརྩེགས་ཡོང་རྒྱུ་དེ་སློབ་མའི་རང་རྒྱུད་ལ་ཡོན་ཏན་ལེགས་པོ་ཞིག་འབྱོར་བའི་ཆེད་དུ་ཡིན་སྲིད་ཀྱང་། མཐར་གཏུགས་ན་དེ་ཁོ་ན་ཙམ་ཞིག་མ་ཡིན་པར་རང་ཉིད་ལ་ཚད་ལྡན་གྱི་མི་གཞི་ལེགས་པོ་ཞིག་གསོ་སྐྱོང་དང་མི་གཞན་གྱི་མིག་ནང་གི་མ་དཔེར་འགྱུར་རུང་བའི་སྤྱོད་བཟང་ཞིག་ཆགས་པའི་ཆེད་དུ་ཡིན་པས། ང་ཚོས་མ་རུང་ངན་སྤྱོད་དག་རིང་དུ་དོར་ནས་དགེ་བའི་བཤེས་གཉེན་དག་ལས་གདམ་ངག་གི་བུམ་ཆུ་མང་དུ་འཐུང་སྟེ་རང་ཉིད་ལ་ཚང་རྩིས་ལེགས་པོ་ཞིག་རྒྱག་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ་འདུག

ངག་གི་སྤྱོད་ལམ་ལེགས་བཅོས་གཏོང་བ།

“ཀུན་སྤྱོད་གཙང་མ་གཞན་གྱི་ཡིད་དུ་འཐད།། སྨྲ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད།།”ཅེས་གུང་ཐང་བསླབ་བྱ་ལས་གསུངས་པ་ལྟར། ངག་གི་སྒོ་མོ་ལ་ཚོད་འཛིན་མེད་པར་གང་བྱུང་ཅི་དྲན་དུ་ལབ་བརྡོལ་བྱས་ན་མི་དང་མིའི་བར་ལ་འབྲེལ་འདྲིས་བྱེད་པར་བཀག་རྒྱ་ངེས་ཅན་ཞིག་བཟོ་འགྲོ་ངེས་ཡིན་ལ། སྐད་ཆ་ནི་མ་གཞི་ནས་མི་དང་མིའི་བར་གོ་བརྡ་སྤྲོད་བྱེད་དང་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་འདུག་པས། འབྲེལ་འདྲིས་མེད་པར་སྤྱི་ཚོགས་ཀྱི་ཁྲོད་ནས་འཚོ་བ་རོལ་ཐབས་མེད་ལ་འཕེལ་རྒྱས་འགྲོ་ཐབས་ཀྱང་མེད་པས། ལྷག་པར་རིག་གནས་སྡེ་ཁག་ན་སློབ་གཉེར་གནང་བཞིན་པའི་བརྩོན་ལྡན་དག་གིས་སྨྲ་མཁས་ལེགས་སྐྱོང་གནང་རྒྱུར་འབད་དགོས། དམངས་ཁྲོད་གཏམ་དཔེར“རང་ཁ་གསེར་གྱི་སྒོ་མོ།། རང་སྲོག་གཅོད་པའི་སྟ་རེ།།”ཅེས་བརྗོད་སྲོལ་ཡོད་པ་འདི་ལས་ཀྱང་། རང་གིས་ཚོད་འཛིན་མེད་པར་གང་དྲན་ཅི་དྲན་དང་དོན་མེད་སྟོང་གཏམ་མང་དུ་ལབ་ན་ཐ་མར་རང་སྲོག་ཀྱང་འཆོར་ཉེན་ཡོད་པའི་གནས་ལུགས་ཡང་དག་བསྟན་ཡོད་པ་དང་། བསླབ་དེབ་ལས་ཀྱང་། “ང་ཚོས་བྱ་བ་བསྒྲུབ་པའམ་མི་དང་འབྲེལ་བ་བྱེད་སྐབས་ཁ་དན་ཚིག་ལ་གནས་པ་བྱེད་དགོས། ‘ཁ་དན་’ནི་གཞུང་དྲང་དང་། མི་དྲང་བོ་དྲང་གཞག་བྱེད་པ། དངོས་ཐོག་བདེན་འཚོལ་བྱེད་པ་བཅས་ལ་ཟེར་ཞིང་། ‘ཚིག་གནས་’ནི་ཡིད་རྟོན་རུང་བ་དང་། མཚན་སྙན་སྲུང་བ། ཡིད་ཆེས་བརྟན་པོ། གཡོ་ཟོལ་མེད་པ་བཅས་སོ།།”ཞེས་དང་། “དོན་དངོས་གྲངས་ལས་འདས་པས་ང་ཚོར་གསལ་བཤད་བྱས་ཡོད་པ་སྟེ། འབྲེལ་བ་བྱེད་པའི་ཁྲོད་དུ་དམ་བཅའ་བྱས་པ་གང་ཡིན་ལག་ལེན་མ་བསྟར་ན་མིའི་ཡིད་ཆེས་མི་ཐོབ་པ་དང་། ཡིད་ཆེས་ཤོར་རྒྱུ་ངེས་ཅན་ལས་མེད་དོ།།”ཞེས་པ་འདི་དང་། འཕགས་པ་ཀླུ་སྒྲུབ་ཀྱིཤེས་རབ་སྡོང་བུ་ལས། དམ་པས་མང་པོ་ཁས་འཆེ་མི་བྱེད་ལ།། གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན།། རྡོ་ལ་རི་མོ་བརྐོས་པ་ལྟ་བུ་ནི།། ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ།། ཅེས་དང་། དེ་མིན་ཆོས་རྒྱལ་སྲོང་བཙན་སྒམ་པོས་དུས་སུ་གཏན་ལ་ཕབ་པའི་མི་དགེ་བ་བཅུ་ལས་ཀྱང་། ཚིག་རྩུབ། ཕྲ་མ། ངག་ཀྱལ། རྫུན་ནི་ངག་གི་མི་དགེ་བ་བཞི་རུ་བགྲངས་ཡོད་པས། འདི་དག་ཐམས་ཅད་ལས་མདོར་ན་མི་དེའི་སྨྲ་བ་གང་དེས་ཐད་ཀར་མི་དེའི་སྤྱོད་ལམ་ལེགས་ཤུགས་རྐྱེན་ངེས་ཅན་ཐེབས་འགྲོ་བ་བསྟན་ཡོད་པས། ང་ཚོས་ཅིས་ཀྱང་འདིའི་ཕྱོགས་ལ་དོ་སྣང་ལེགས་པོ་གནང་རྒྱུ་གལ།

ཡིད་གྱི་སྤྱོད་ལམ་ལེགས་བཅོས་གཏོང་བ།

མཁས་པའི་དབང་བོ་ཐའོ་ཤིང་ཀྲེ་ལགས་ནས“ལྷག་བསམ་དག་པའི་སེམས་པ་བཅངས།། སེམས་ཀྱི་ལྷད་སྐྱོན་རིང་དུ་ སྤོངས།།”ཞེས་གསུངས་པ་ལྟར། མི་ཞིག་ལ་མ་གཞི་ནས་མེད་མི་རུང་བ་ནི་ལྷག་བསམ་རྣམ་དག་གི་སེམས་པ་ཞིག་དགོས་པ་དེ་ ཡིན་ལ། ལྷད་མེད་པའི་སེམས་པ་དེ་ནི་མི་བུ་གང་དེའི་གཏམ་སྤྱོད་སོགས་ཕྱོགས་ཡོངས་ལ་ཚོད་འཛིན་དང་བཀོད་འདོམས་བྱེད་ མཁན་གྱི་དམག་སྤྱི་ལྟ་བུ་ཡིན་པས་ན། “སེམས་ནི་དངོ་ཁ་གཉིས་ལྡན་གྱི་རལ་གྲི་ཞིག་དང་འདྲ་བར། ཕྱོགས་གཅིག་ནས་མིའི་ལུས་སྟོབས་དང་སེམས་ཤུགས་རྒྱས་ཏེ་ལས་ནུས་ཆེ་རུ་སོང་ནས་མི་ལ་ཕན་པའི་ཤུགས་རྐྱེན་ཐེབས་པ་དང་། ཕྱོགས་གཞན་ཞིག་ནས་སེམས་པ་ཉམས་ཞན་དུ་སོང་ནས་རང་ཉིད་འགྱོད་པ་དང་། ཡང་ན་ཁྲིམས་འགལ་གྱི་བྱ་བ་བྱེད་པ་དེ་སེམས་པའི་འཁྱེར་ཕྱོགས་ཀྱིས་བཟོས་པའི་ཕན་མེད་ཀྱི་ཤུགས་རྐྱེན་ཡིན།”པར་གསུང་པ་བཞིན་དུ།རིག་པའི་གནས་ལ་བརྩོན་པའི་སློབ་བུ་གང་དེའི་རྒྱུད་མ་དག་པ་ཞིག་ཡིན་ན་རང་རྒྱུད་ལ་ཡོན་ཏན་འབྱོར་དཀའ་བ་དང་ཀུན་སྤྱོད་ལེགས་པོ་ཞིག་ཡོང་རྒྱུར་དེ་བས་ཀྱང་དཀའ་མོ་ཡིན་པས། སྣོད་ལྡན་གྱི་སློབ་མ་ཞིག་ཏུ་འཁྱོངས་པར་དྲི་མ་ཅན་དང་ཁ་སྦུབས་པ། ཞབས་བརྡོལ་བའི་སྐྱོན་ཅན་གྱི་སྣོད་གསུམ་ཅིས་ཀྱང་སྤངས་དགོས་པའི་ངེས་ཤེས་འདྲོངས་ཐུབ་ན་ནི་ད་གཟོད་བློ་གསལ་དོན་གཉེར་བཤེས་ལ་གུས་པའི་བརྩོན་ལྡན་སློབ་མ་ཞིག་གི་མཚན་ཉིད་ཡང་དག་པ་དེ་ཡོང་ཐུབ་པ་ཡིན། གཞན་ཡང་དེ་ལྟ་བུའི་སློབ་བུ་བཟང་པོ་ཞིག་འཁྱོངས་པ་ལ་དགེ་བའི་བཤེས་གཉེན་དག་ལའང་འབྲེལ་བ་ཆེན་པོ་ཡོད་དེ། “སློབ་མའི་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེ་བ་དང་སྐྱོན་སྣ་གཅིག་འགྲིབ་པའི་རྩ་བ་ནི་དགེ་བའི་བཤེས་གཉེན་ལ་རག་ལས”ཞེས་པ་ཇི་བཞིན་དུ་དགེ་སློབ་ཟུང་འབྲེལ་གྱིས་ཐབས་ལ་བརྟེན་ནས་སློབ་མའི་རྒྱུད་ལ་ཡོན་ཏན་བཟང་བོ་ཞིག་འབྱོར་བར་བརྩོན་དགོས་ཏེ། ཡོན་ཏན་བཟང་པོ་ཞིག་འབྱོར་པ་ལ་བརྟེན་ནས་ལྷད་སྐྱོན་གྱི་དྲི་མས་མ་གོས་པའི་རང་སེམས་གཙང་མ་ཞིག་ཡོང་བར་བརྩོན་དགོས་སོ།།

གསུམ་པ། མཇུག་བསྡུ་བ།

མདོར་ན། ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ལ་བརྟེན་ནས་ད་གཟོད་མི་བུ་གང་དེར་གདེང་འཇོག་བྱེད་པ་ཡིན་པས་ན། ང་ཚོ་མཐོ་རིམ་སྲོག་ཆགས་ལ་བརྩི་བའི་ཆ་ནས་མ་མཐའ་ཡང་རང་ཉིད་ཀྱི་ལུས་རྟེན་འདི་རྟེན་འབྲེལ་དུ་མ་ཚང་བ་དང་འབྲེལ་མི་ལུས་རིན་ཆེན་འཐོབ་ཡོད་པའི་དོན་སྙིང་ཤེས་རྟོགས་ཀྱིས་གང་ཟག་ཅིག་གི་བསྒྲུབ་དགོས་པའི་ལས་ལ་རེམས་ནས་ཀུན་གྱིས་བརྩི་འཇོག་གནང་བའི་མི་ཞིག་བྱེད་པར་བརྩོན་པ་ལ། ལྷག་པར་དམའ་འབྲིང་དང་མཐོ་འབྲིང་གིདུས་སྐབས་འདི་ལ་རག་ལས་ཆེན་པོ་ཡོད་པ་ཞིག་ཡིན་པས་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར། “བལྟས་ན་སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་གྱི་ཕུན་ཚོགས།། འཐོབ་ན་རང་རང་སྐབས་ཀྱི་སྡུག་བསྔལ་རེ་འདུག་པ།།”ཅེས་པ་ལྟར། དཀའ་བའི་ལས་མ་བསགས་ན་ཞིམ་པའི་ཟས་མི་རེག་པ་བཞིན་དུ་ཧུར་ཐག་འབད་ཐག་བྱེད་པར་དགེ་སློབ་ཟུང་འབྲེལ་གྱིས་མཁྱེན་དཔྱོད་ཀྱི་རིག་ལམ་གློག་ཞགས་ལྟར་མྱུར་བའི་དགེ་བའི་བཤེས་གཉེན་དག་ནས་སློབ་སྟོན་ལེགས་པོ་ཞིག་གནང་རྒྱུ་དང་། ཤེས་བྱ་རྒྱ་མཚོའི་ཀློང་ན་བརྩོན་སེམས་ཀྱི་ཀོ་གྲུ་ཤུགས་ཀྱིས་གཏོང་བཞིན་པའི་བློ་ལྡན་སློབ་བུ་རྣམས་ཀྱིས་སྒོ་གསུམ་གཙང་མའི་ལས་ལ་རེམས་ནས་ཀུན་ལ་ཕན་ཐོགས་དང་ཀུན་གྱིས་བརྩི་འཇོག ཁས་ལེན་བཅས་འཐོབ་པའི་དུས་རབས་ཉེར་གཅིག་པའི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཞིག་ཏུ་འཁྱོངས་རྒྱུ་ནི་དུས་རབས་ཀྱི་བླང་བྱ་དང་འུ་ཅག་གི་འོས་འགན་ཡིན་པ་ཡིད་ནས་མི་འདོར་བར་མཁྱེན་མཁྱེན།།

ཟུར་ལྟའི་དཔྱད་གཞི།
 
1ལྗོངས་ཞིང་ལྔའི་འགན་བབས་སློབ་གསོའི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ་དམའ་འབྲིང་བསམ་བློ་ཀུན་སྤྱོད་དེབ་དང་པོ་ནས་དེབ་ཆ་ཚང་གི་བར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2010ལོའི་པར་གཞི།
2བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས། རིན་ཆེན་རྡོ་རྗེས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༨པར།
3龚放.素质教育———南京大学的思考和实践[M].南京:南京大学出版社,2005
4钱源伟.社会素质教育概论[M].广州:广东教育出版社,2001.


主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青
编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心