གཏམ་བཟང་།
ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བའི་རྩོམ་ཡིག་ཕྱོགས་བསྒྲིགས》པར་སྐྲུན་འགྲེམ་སྤེལ་བྱས།
《རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བའི་རྩོམ་ཡིག་ཕྱོགས་བསྒྲིགས》ནི་དེབ་བཞི་ཡིས་གྲུབ་ཅིང་། རྩོམ་པ་པོས་ལོ་ངོ20ལྷག་གི་རིང་ལ་གསར་རྩོམ་གནང་བའི་རྩོམ་ཡིག་དང་དཔྱད་རྩོམ50ལྷག་བསྡུས་ཡོད། རྩོམ་ཡིག་འདི་དག་གི་བརྗོད་དོན་ཕུན་སུམ་ཚོགས་ཤིང་རྗོད་བྱེད་ཚིག་སྦྱོར་ཡིད་དུ་འོང་བ། ལྷག་ཏུ་ཚིགས་བཅད་སྙན་ངག་ལ་རང་རྐྱ་འཕེར་བའི་ཁྱད་ཆོས་ལྡན་པས་རྩོམ་རིག་རོལ་མྱོང་གི་རིན་ཐང་མངའ་བ་དང་། དཔྱད་རྩོམ་དག་གི་བརྗོད་གཞི་ཁུངས་བཙུན་ཞིང་ལུང་རིགས་ཀྱིས་ཕྱུག་པ། གནད་དུ་འཁེལ་བ་སོགས་ཀྱི་དགེ་མཚན་དུ་མ་ལྡན་པས། བོད་ཀྱི་རིག་གནས་ཞིབ་འཇུག་གི་དཔྱད་གཞི་རིན་ཐང་ཆེ་བ་ཞིག་ཏུ་འཁུམས་སོ། །
རྩོམ་པ་པོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་ཡིན། ཆུང་དུས་ནས་སྐྱེས་ཆེན་དམ་པ་མང་པོའི་མདུན་ནས་བོད་ཀྱི་རིག་གནས་ལ་གསན་སྦྱངས་གནང་། 2001ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སློབ་ཐོན་བྱུང་། 2004ལོར་པེ་ཅིན་སློབ་ཆེན་ཆོས་ལུགས་སྡེ་ཁག་གི་ནང་བསྟན་ཟབ་སྦྱོང་འཛིན་གྲྭ་ནས་སློབ་སྦྱོང་བྱས། ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་ཡོན་གནས་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས་མྱོང་བ་དང་། ད་ལྟ་མདོ་སྨད་རྩེ་ཞིག་དགོན་པའི་བླ་མ་ཡིན། སྔ་རྗེས་སུ་རྒྱལ་ནང་གི་བོད་ཡིག་ཚགས་པར་དང་དུས་དེབ་སྟེང་དུ་རྩོམ་རིག་བརྩམས་ཆོས30ལྷག་སྤེལ་བ་དང་། རྒྱལ་སྤྱི་རྒྱལ་ནང་གི་རིག་གཞུང་དཔྱད་གླེང་ཚོགས་འདུ་མང་པོར་ཞུགས་མྱོང་། །