第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > ལོ་ཙཱའི་འཕྲུལ་བསྒྱུར་ལས་གཞི་འདིར་རིམ་པ་དང་པོའི་བྱ་དགའ་ཐོབ།

ལོ་ཙཱའི་འཕྲུལ་བསྒྱུར་ལས་གཞི་འདིར་རིམ་པ་དང་པོའི་བྱ་དགའ་ཐོབ།

2021年09月27日 09:23:05 访问量:272 作者:李毛加



བོད་ཀྱི་ལོ་ཙཱའི་འཕྲུལ་བསྒྱུར་ལས་གཞི་འདིར2020ལོའི་ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་དང་པོའི་ཚན་རྩལ་བྱ་དགའ་ཐོབ་ཡོད།


ཟླ9བའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་གྱི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་ཟི་ལིང་དུ་བསྡུས་པ་དང་། མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧོའུ་ཧྲེང་ཀྲེན(བོད་རིགས)ལ་བྱས་རྗེས་རླབས་ཆེན་བཞག་པའི་གཟེངས་རྟགས་སྤྲད་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཆ་འཕྲིན་ཞིབ་འཇུག་སའོ་ཚད་ཡོད་ཀུང་སི་གཉིས་ཀྱིས་འགན་སྒྲུབ་བྱས་པའི་བོད་རྒྱ(རྒྱ་བོད)འཕྲུལ་བསྒྱུར་ལག་རྩལ་དང་བེད་སྤྱོད་ལས་གཞི་ལ་རིམ་པ་དང་པོའི་བྱ་དགའ་སྤྲད། 

ཡུན་རིང་ལོ་ཟླར་དོན་དུ་དོན་གཉེར་བ་ཡི།། ཕུགས་ཀྱི་འབྲས་སྨིན་རྟགས་དང་རྟེན་འབྲེལ་ཡག།

མིའི་རིགས་ཀྱི་ལོ་རྒྱུས་ལ་ཕྱིར་བལྟ་བྱས་ན། གསར་གཏོད་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་འགྲོ་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། ཞོགས་པའི་ཆར་བ་སིམ་སིམ་ཞིག་གིས་ཐེངས་འདིའི་གཟེངས་རྟགས་སྤྲོད་པའི་མཛད་སྒོའི་མདུན་བསུས་ཤིང་། མཛད་སྒོའི་སྟེང་དུ"ས་བབ་མཐོ་བའི་ས་ཁུལ་གྱི་ཐོན་འབབ་མང་བའི་ཀན་ལན་རིགས་ཀྱི་པད་ཁའི་འདྲེས་སྡེབ་ཀྱི་བདམས་གསོ་དང་དེའི་བེད་སྤྱོད"སོགས་ལས་གཞི་ལྔ་ལ་རིམ་པ་དང་པོའི་བྱ་དགའ་སྤྲད་པ་དང་།  གཞན་ཚན་ཞིབ་གྲུབ་འབྲས10ལ་རིམ་པ་གཉིས་པའི་བྱ་དགའ་སྤྲད། ཚན་ཞིབ་གྲུབ་འབྲས15ལ་རིམ་པ་གསུམ་པའི་བྱ་དགའ་སྤྲད་ཡོད། 

བྱས་རྗེས་རླབས་ཆེན་བཞག་པའི་གཟེངས་རྟགས་ཐོབ་པའི་ཧོའུ་ཧྲེང་ཀྲེན་གྱིས་ལོ30རིང་ལ་ཞིང་འབྲོག་ཁུལ་དུ་རྐང་ཚུགས་ཏེ། བོད་ལུག་གི་གསོ་འཕེལ་ལ་ཞིབ་འཇུག་བྱས་ཤིང་། སྡུག་རུས་དང་ཆོད་སེམས་བརྟན་པོས་བོད་ལུག་གསོ་འཕེལ་བྱ་བཞག་ལ་བྱས་རྗེས་མི་དམན་པ་བཞག་ཅིང་།  མི་རྣམས་ཀྱིས་ཁོང་ལ“ལུག་གི་དགེ་རྒན་ཆེན་མོ”ཞེས་པའི་བཏགས་མིང་གནང་ཡོད། 

ཁོང་གི་ཚན་ཞིབ་གྲུབ་འབྲས་རགས་བསྡུས་ཀྱི་ནང་དུ་འདི་ལྟར་འཁོད་ཡོད་དེ། ཁོང་གིས་ལོ་མང་རིང་གི་དཀའ་སྤྱད་འབད་འབུངས་བརྒྱུད། བོད་ལུག་གི་སྐྱེ་འཕེལ་ནུས་པ་ཞན་པ་དང་། ལུ་གུའི་འཚར་ལོང་འབྱུང་ཚད་དལ་བའི་ཚན་རིག་གནད་དོན་ལ་ཐོལ་བརྒལ་ཆེན་པོ་བྱུང་བ་དང་། ཁྱབ་གདལ་ཐུབ་པའི་གྲུབ་འབྲས་རབ་དང་རིམ་པ་བླངས་ནས། མཚོ་སྔོན་གྱི་སྲོལ་རྒྱུན་འབྲོག་ལས་དེ་སྤུས་ཚད་ལེགས་ཤིང་ཕན་འབྲས་ཆེ་བ། ལེགས་བསྡུས་ཞིབ་གཉེར་གྱི་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་ཆེན་པོ་བཏང་ཡོད།   

“མི་རབས་རེ་རེར་མི་རབས་རེ་རེའི་ཕུགས་འདུན་དང་འགན་འཁྲི་ཡོད། ངས་མུ་མཐུད་དུ་མཚོ་སྔོན་གྱི‘དམིགས་བསལ་གཅིག་དང་མཐོ་བ་གཉིས’ལ་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། སྔར་བས་འབྱོར་ཕྱུག་ལྡན་ལ། ཤེས་རིག་གིས་ཕྱུག་པ། འཆམ་མཐུན་མཛེས་སྡུག་བཅས་ཡིན་པའི་མཚོ་སྔོན་གསར་བ་འཛུགས་བསྐྲུན་བྱེད་པར་བྱས་རྗེས་སྔར་བས་ཆེ་བ་འཇོག་རྒྱུ་ཡིན”ཞེས་ཁོང་གིས་གཟེངས་རྟགས་ཐོབ་པའི་མྱོང་ཚོར་བརྗོད་སྐབས་བཤད།
གཟེངས་རྟགས་སྤྲོད་པའི་མཛད་སྒོ་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཚན་ཞིབ་པ་རྣམས་ཀྱི་ལོ་འཁོར་གྱི་དགྱེས་འཛོམས་ཞིག་ཡིན་ལ། དགྱེས་འཛོམས་འདིས་རྒྱ་ཆེའི་ཚན་རིག་ཞིབ་འཇུག་པ་རྣམས་ཀྱི་ཞིབ་འཇུག་གི་འབྲས་བུ་ལ་ཆེས་མཐོང་གསལ་གྱི་ར་སྤྲོད་ཐེངས་ཞིག་བྱས་ཡོད་ལ། ཁ་བ་རི་བོའི་ཡུལ་དུ་དཀའ་སྡུག་ཁྱད་དུ་བསད་དེ་གསར་གཏོད་ཀྱི་ལས་ལ་གཞོལ་བའི་ཚན་ཞིབ་པ་རྣམས་ལ་སྐུལ་མ་ཐེངས་ཞིག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་མི་སྣའི་གསོ་སྐྱོང་བྱ་བའི་གཡུར་ཟའི་གྲུབ་འབྲས་ལ་ཕྱོགས་བསྡོམས་ཐེངས་ཞིག་བྱས་པའང་ཡིན།
དྲ་རྒྱའི་ཀློང་དུ་འཆམ་པ་དེང་སྐབས་ཀྱི་སྤྱོད་པ།། བདེན་པའི་ལམ་སྣ་གཏོད་པ་ཞིབ་འཇུག་པའི་རང་མདངས།།

དེང་སྐབས། མཉམ་འབྲེལ་དྲ་རྒྱ་ང་ཚོའི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་ལག་ཆ་ཞིག་ཏུ་གྱུར་ཡོད། བོད་ཀྱི་ལོ་ཙཱའི་བྱ་བ་མང་པོ་ཞིག་ཀྱང་ཆ་འཕྲིན་ཅན་དུ་འགྱུར་བཞིན་ཡོད་ལ། གློག་ཀླད་དམ་མཉེན་ཆས་ཀྱིས་ཡིག་བསྒྱུར་བྱས་པར་འཕྲུལ་བསྒྱུར་ཞེས་འབོད་ཀྱིན་ཡོད། འོན་ཀྱང་། བོད་རྒྱ(རྒྱ་བོད)འཕྲུལ་བསྒྱུར་ཐད་ལ་འཐུས་སྒོ་ཚང་བའི་ཚད་གཞི་ཞིག་མེད་པ་དང་། མིག་སྔའི་བོད་རྒྱ(རྒྱ་བོད)འཕྲུལ་སྒྱུར་གྱི་བྱེད་ནུས་ཞན་པ། བོད་རྒྱ་སྐད་ཡིག་གཉིས་ཀྱི་གཞི་གྲངས་ཐོན་ཁུངས་དཀོན་པ། བོད་ཡིག་ཆ་འཕྲིན་ཐག་གཅོད་ཀྱི་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཚད་གཞི་འཐུས་ཚང་མེད་པ། སྤྱི་ཚོགས་ཞབས་ཞུའི་མཁོ་འདོན་ཚད་དེ་བས་ཀྱང་རེ་སྟོང་ཐབས་ཆག་གི་ཚད་དུ་སླེབས་ཡོད་པར་དམིགས་ཏེ། མཚོ་སྔོན་དགེ་ཐོན་སློབ་ཆེན་གཙོ་བྱས་པའི་ཞིབ་འཇུག་སྡེ་ཁག་གི་ཞིབ་འཇུག་པ་ཚོས། བོད་རྒྱ་སྐད་ཡིག་གཉིས་ཀྱི་གཞི་གྲངས་ཐོན་ཁུངས་འཛུགས་པ་དང་།    བོད་རྒྱ་འཕྲུལ་སྒྱུར་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག    འབྲེལ་ཡོད་རྒྱལ་ཁབ་ཀྱི་ཚད་གཞི་བཟོ་བ་སོགས་ཀྱི་ནང་དོན་ལ་གཙོ་གནད་ཐོག་ཞིབ་འཇུག་བྱས་ཡོད།  

ཐེངས་འདིའི་མཛད་སྒོའི་ཐོག  བོད་རྒྱ(རྒྱ་བོད)འཕྲུལ་བསྒྱུར་ལག་རྩལ་དང་བེད་སྤྱོད་ལས་གཞི་ལ་རིམ་པ་དང་པོའི་བྱ་དགའ་ཐོབ་པ་དང་། གཙོ་སྒྲུབ་མི་སྣའི་ཡ་གྱལ་ཚེ་རིང་རྒྱལ་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། བོད་རྒྱ(རྒྱ་བོད)འཕྲུལ་བསྒྱུར་ལག་རྩལ་དང་བེད་སྤྱོད་ལས་གཞི་ལ་རིམ་པ་དང་པོའི་བྱ་དགའ་ཐོབ་པ་འདིས་ཏང་དང་སྲིད་གཞུང་གིས་ཚན་རིག་ལག་རྩལ་ལ་གཙིགས་འཛིན་དང་ང་ཚོའི་བྱ་བ་ལ་རྒྱབ་སྐྱོར་བྱས་པ་མཚོན།  རྗེས་ཕྱོགས་ང་ཚོས་མུ་མཐུད་དུ་བོད་ཡིག་ཆ་འཕྲིན་ལག་རྩལ་ཐད་ལ་ཐོལ་བརྒལ་གསར་བ་ཡོང་བར་འབད་པ་བྱ་རྒྱུ་ཡིན་ཟེར། 

མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་གྱི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་བར་གསར་གཏོད་དང་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།  

གསར་འགོད་པ། ཚེ་རིང་དོན་གྲུབ།

རྩོམ་སྒྲིག་པ། ཚེ་རིང་དོན་གྲུབ། ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཐུ་བོ་ཆེ། 

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心