——སྟོད་ཀྱི་མི་བོས་སྐབས༣༨པའི་དུས་ཆེན་ལ་གུས་ཕུལ།
འཇམ་དབྱངས་དཔལ་ལྡན།(མང་རྫོང་།)
སྟོད་ཀྱི་རི་བོ་གཡོ་ཙམ་དང་།།
སྨད་ཀྱི་མཚོ་མོ་སྐྱོམས་ཙམ་གྱིས།།
བར་གྱི་ལུག་ཁྱུ་ཞོགས་དོགས་ནས།།
ཟློས་གར་འཁྲབ་ལ་འབད་པས་སྦྱངས།།
སྐྱ་རེངས་བུ་མོར་སེམས་ནས་གཅེས།།
མཚན་མོའི་ཟླ་འོད་དགའ་མར་བཀུག །
སྐར་མདའ་རེ་རེ་ཤོར་དོགས་ནས།།
མཚན་ཡང་རྨི་ལམ་ཁྲོད་ནས་ལངས།།
ས་སྨྱུག་དཀར་པོས་སྐུ་ལུས་བྱུགས།།
སྨྱུག་ཆུ་དམར་པོས་ཕྱག་ཟུང་བརླན།།
མིག་ཤེལ་དཀར་པོ་གདོང་གིས་བཏེགས།།
གཉེར་རིས་ཟབ་མོ་དཔྲལ་པར་བབས།།
མཁྱེན་པ་མེད་ཀྱང་མྱོང་པ་ཡིས།།
བདེན་རྫུན་དཀར་ནག་འབྱེད་ལ་བརྩོན།།
བརྩེ་བའི་འཛུམ་མདངས་དྲོན་མོ་ཡིས།།
བློ་ལྡན་སེམས་ཀྱི་གྲང་ངར་བཅོམ།།
གསོ་རིག་གཞུང་ལ་རྒྱུས་ཙམ་དགོས།།
ནམ་གུང་ཡིན་ཡང་སྨན་བཅོས་མཁོ།།
ནུས་པ་སྦྱོང་བརྡར་གང་ལེགས་ཀྱིས།།
མ་འོངས་རྒྱུད་འཛིན་ལེགས་པར་སྐྱོང་།
གཤིས་ཡག་རྒྱུད་བཟང་སྐྱོ་ངལ་བྲལ།།
ངག་སྙན་ཚིག་དོན་སྟོན་པར་མཁས།།
འདིར་འཕྲད་སྒོ་གསུམ་དག་པས་བསྟེན།།
དུས་གསུམ་ལམ་མཆོག་མ་ནོར་སྟོན།།