ལང་ཚོའི་ཞབས་རྗེས།༼དོན་གྲུབ་ཚེ་རིང་།༽
2023年06月06日 09:29:32 访问量:72次
作者:东周才让
དོན་གྲུབ་ཚེ་རིང་། ཆེ། (རེབ་གོང་།)བཅུ་དྲུག་ལང་ཚོའི་ཁོ་ལག་རྫོགས་པའི་དུས། །རྣམ་དཔྱོད་ཉི་གཞོན་འོད་ཀྱིས་ཕྱུག་པའི་སྐབས། །རིག་གནས་འདབ་སྟོང་བཞད་པའི་དོ་ར་འདིར། །འགྲིམ་པའི་བསྐལ་བ་ལང་ཚོའི་ཞབས་རྗེས་ཡིན། །འབྱུང་འགྱུར་མི་ཚེའི་བཤུལ་ལམ་རིང་མོའི་སྟེང་། །ལས་ཀྱིས་བསྐོས་པའི་བྱ་གཞག་གང་ལ་ཡང་། །གཡུར་ཟའི་ལས་ཀྱི་འབྲས་བུ་ལེན་པ་ལ། །ཕུགས་བསམ་འཛུགས་པ་ལང་ཚོའི་ཞབས་རྗེས་ཡིན། །ཡོན་ཏན་མ་ལུས་བརྩོན་པའི་རྗེས་འགྲོ་བས། །ལས་དང་བྱ་བ་གང་ལ་འཇུག་བྱས་ཀྱང་། །ལེ་ལོ་རྣམ་གསུམ་རྒྱང་དུ་བསྲིངས་བྱས་ཏེ། །བརྟུན་པ་བསྐྱེད་པ་ལང་ཚོའི་ཞབས་རྗེས་ཡིན། །ཕ་དང་མེས་པོ་དམ་པའི་བློ་གྲོས་ཀྱིས། །དགེ་བར་བསྐྲུན་པའི་ལུགས་གཉིས་བཀའ་སྲོལ་མཆོག །ཡ་རབས་ལུས་ཀྱི་རྒྱན་དུ་བསྲེལ་བྱས་ཏེ། །སྲོལ་བཟང་སྐྱོང་པ་ལང་ཚོའི་ཞབས་རྗེས་ཡིན། །གཞོན་པའི་ལང་ཚོའི་དཔལ་གྱིས་སྙེམས་པའི་དུས། །སྤྲོ་དགའི་ཡིད་ཀྱི་རླབས་ཕྲེང་ཆེར་གཡོ་པས། །ན་མཉམ་གྲོགས་ཀྱི་ཁྱུ་དང་ལྷན་ཅིག་ཏུ། །གར་དུ་རྩེན་པ་ལང་ཚོའི་ཞབས་རྗེས་ཡིན། །མི་ལུས་རིན་ཆེན་བསྐྱེད་པའི་ཕ་མ་དང་། །ཤེས་རིག་འོད་སྣང་སྦྱིན་པའི་དེད་དཔོན་མཆོག །བྱམས་དང་བརྩེ་བས་བསྐྱངས་བའི་དྲིན་ལྡན་ལ། །དྲིན་གཟོ་ཤེས་པ་ལང་ཚོའི་ཞབས་རྗེས་ཡིན། །སྣོད་ཀྱི་བཀོད་པ་སུམ་རྩེན་འཕོས་པའི་ཞིང་། །སྣ་ཚོགས་རིན་ཆེན་ནོར་གྱི་གཏེར་བརྒྱས་ཕྱུག །ལྟེ་ཁྲག་འཕོ་སའི་གནས་མཆོག་ཕྱུག་མོ་འདིར། །དུངས་ཞེན་ཟབ་པ་ལང་ཚོའི་ཞབས་རྗེས་ཡིན། །མེས་པོའི་ཐུགས་བསྐྱེད་མཁའ་ལྟར་ཡངས་བའི་མཐུས། །རིག་གཞུང་འོ་མའི་རྒྱ་མཚོ་གསོས་སུ་འཁྱིལ། །དགེ་ལེགས་སྣང་བས་ས་སྟེང་ཤིས་པར་བསྒྲུབས། །རང་ངོ་ཤེས་པ་ལང་ཚོའི་ཞབས་རྗེས་ཡིན། །
编辑:扎西加