དཀོན་མཆོག་སྐྱིད། (རེབ་གོང་།)
མི་ལོ་ཉི་ཤུ་འདས་སོང
མི་ལོ་སུམ་ཅུ་ཚར་སོང
མི་ལོ་བཞི་བཅུའི་ང་ནི
ནུབ་ཁའི་ཉི་འོད་ངོགས་ཀྱི་སེར་ཐིག་ལྷུང་བའི་ལོ་མ་དེ་དང
ཡང་ན་ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ་དེ་བགྲོད་པའི
ཁེར་རྐྱང་གི་མགྲོན་པོ་ཞིག་དང་ཅི་འདྲའི་མཚུངས་ཨང
མི་ལོ་བཅོ་ལྔ
ང་ལ་ཚར་རྒྱུ་མེད་པའི་དགོད་སྒྲ་ཞིག་དང
འདང་རྒྱག་མེད་པའི་བདེ་སྐྱིད་ཅིག་ཡོད
དེ་དུས གྱོན་པ་རྙིང་བ་ལས་མེད་ལ
དེ་དུས གོ་རེ་མ་གཏོགས་ཟ་རྒྱུ་མེད་ནའང
ངའི་འཚོ་བ བདེ་སྐྱིད་ཀྱིས་ཁེངས་ཡོད།
མི་ལོ་ཉི་ཤུ
མགོ་ན་གནམ་ཡོད་པ་མ་ཤེས
ས་ན་རྡོ་ཡོད་པ་མ་ཚོར
བརྩེ་དུང་ཟེར་ནས
ལེ་ལོ་དང་བག་ཡངས་ལ་འཁྱུད་ནས
རང་ཉིད་ཀྱང་བཟི་སོང
མི་ལོ་སུམ་ཅུ
འཚོ་བ་ཟེར་བའི་ཚར་རྒྱུ་མེད་ལ་འགྲུབ་ཀྱིན་ཡང་མེད
མེད་ན་མི་ཆོག་ལ་ཡོད་ན་མི་ཚིམས་པའི
སྤྱི་ཚོགས་གཡོ་བའི་རྦ་རླབས་ཀྱིས་ཡང་ཡང་སྐྱོམ་དུས
ང་དཀའ་ངལ་གྱིས་ཁུར
ང་ལ་རང་དབང་མེད
མི་ལོ་བཅུ་བཞི
ང་ལ་མིག་ཆུ་མེད ང་ལ་དགོད་སྒྲ་མེད
དེ་ལས་ཀྱང བདག་གི་ཡིད་ཆེས་བོར་སོང
ད་ལྟར་ལྷག་པ་ནི
ནང་སེམས་ཁེར་རྐྱང་གི་ང་ཡིན
མི་ལོ་བཞི་བཅུ་ཚར་དུས
འཚོ་བས་ང་ལ་ཅི་ཞིག་བརྗོད་སྲིད་དམ
ཡང་ན ངས་གང་ཞིག་རྟོགས་འོངས་སམ།