འགར་རྩེ་ཡུམ་སྐྱབས་རྒྱལ།(རེབ་གོང་།)
སྔོ་ཞིང་སངས་པའི་མཁའ་དབྱིངས་དབུས་སུ་ཉི་མ་གཞོན་ནུ་འོད་དུ་འཚེར།།
གར་དུ་རྩེན་པའི་སྤྲིན་དཀར་བུ་མོ་ལྷོ་བྱང་མཐའ་ན་གཉིད་དུ་ཡུར།།
ནེའུ་གསིང་ལྗང་མྱུག་གསར་དུ་འབུས་ཏེ་སྤང་ལྗོངས་སྒེག་མོའི་རྒྱན་དུ་མངོན།།
མདངས་རྒྱས་ལྷུན་པོའི་མུ་ཁྱུད་ཕྲེང་བས་ཕྱིང་དཀར་ཞྭ་མོ་ཕུད་པར་རྩོམ།།
འཁྱགས་རོམ་སྦུབས་ཀྱི་ཆུ་ཕྲན་དག་གིས་གྱ་གྱུའི་འགྲོས་ཀྱིས་ཅ་ཅོ་སྒྲོག།
བོགས་ཐོན་ཆུ་བོའི་བཞུར་རྒྱུན་ཁྲོད་ན་ལྟོ་དཀར་ཉ་མོ་འཁྱུག་རྩལ་ངོམ།།
འབྲུ་མོ་དུང་ཆུང་དཀར་མོས་ཁྲིད་པའི་བེའུ་ལི་ཁྲ་ཁྲས་རྩེད་འཇོར་རོལ།།
གཡང་ཟོག་སྒོ་ཕྱུགས་རྗེས་སུ་སྙེག་པའི་པྲ་ཆལ་བྱིས་པས་ལྕོང་ཕྲུག་འཛིན།།
གཡུ་ཡི་མདངས་ཀྱིས་ཀུན་ནས་བྱུགས་པའི་མཐའ་ཡས་སྤང་ཐང་སྔོ་ལྗང་ལྗང་།།
སེར་ཆེན་འདབ་མ་ལྷུག་པོར་བཞད་དེ་དཀར་དམར་མེ་ཏོག་ཁྲ་ལྡེམ་ལྡེམ།།
སྤྲིན་དཀར་ཕུང་བོ་ས་ལ་བབས་འདྲའི་གཡང་དཀར་ལུག་ཁྱུ་དཀར་སངས་སངས།།
འབྲོག་པ་རྒན་པོས་རི་ཆེན་མགུལ་ན་སྐྱིད་པའི་རྫི་གླུ་ད་ལ་ལ།།
ཞིང་ལས་བུ་མོས་སྒྱེ་མོ་འཁུར་ཏེ་ས་བོན་གཤིན་སའི་ཞིང་ལ་གཏོར།།
རོང་བ་རྒན་པོས་ཐོང་གཤོལ་བཟུང་སྟེ་ཞིང་ས་རྨོ་སློག་བྱེད་པར་བྲེལ།།
ཕོ་མོ་རྒན་གཞོན་འཚུབ་ཆའི་བར་ན་སྙན་འགྱུར་དབྱངས་རྟ་རྒྱང་དུ་འཐེན།།
སྟོན་སྡུད་ལོ་ལེགས་སྔར་ལས་སྨིན་པའི་གསོལ་འདེབས་ཆོ་གའི་རྟེན་འབྲེལ་སྒྲིག།
དབྱར་རྩྭའི་ཐོན་ཁུངས་གངས་རིའི་ལྗོངས་ཏེ་རིགས་ཀྱི་དཔལ་འབྱོར་དེ་ལ་རག།
དཔྱིད་ཀ་འདི་རང་གང་དེ་སྐྱེས་པའི་ཕུན་ཚོགས་དགོས་འདོད་སྐོང་བའི་ཕྱིར།།
རང་གནས་ཡུལ་གྱི་པང་ནས་ཆས་ཏེ་མཁོ་ཆས་དང་བཅས་ཕྱོགས་གཞན་འགྲིམས།།
ཞིང་འབྲོག་མང་ཚོགས་སེམས་པའི་གཏིང་ན་ཟང་ཟིང་རྣམ་རྟོག་ལྐོག་གྱུར་ཞིག།