གདོད་མའི་ཡི་གེའི་ཅི་ལྟར་བྱུང་།
2020年07月13日 16:18:29 访问量:489次
སྐད་ཆ་བཤད་ཤེས་པ་ཙམ་གྱིས་གདོད་མའི་མིའི་རིགས་ཀྱི་དགོས་མཁོ་ཡོངས་སུ་སྐོང་མི་ཐུབ་ཅིང་། དེ་དག་མི་བརྗེད་པའི་གཟུགས་སུ་འགོད་པ་དང་ཡུལ་དུས་བརྒལ་ནས་ཡུན་རིང་དུ་གནས་པར་བྱ་ཆེད་དང་། ཕན་ཚུན་འབྲེལ་ལམ་འཛུགས་པའི་ལག་ཆ་ཞིག་བསྐྲུན་པའི་ཆེད་དུ་ཡི་གེ་གསར་བཟོ་བྱེད་མགོ་བརྩམས། ཡི་གེའི་བྱུང་བ་ནི་དང་པོ་མྱུ་གུ་འབུས་པ་དང་། བར་དུ་འཕེལ་རྒྱས་སུ་ཕྱིན་པ་དང་། མཐའ་མར་འཐུས་ཚང་དུ་གྱུར་པའི་གོ་རིམ་གསུམ་བརྒྱུད་པ་རེད། དང་པོ་མི་རྣམས་ཀྱིས་དངོས་པོའམ་ཅ་ལག་སྣ་ཚོགས་ཀྱི་གཟུགས་རིས་ལ་བརྟེན་ནས་འཚོ་བའི་གོ་རིམ་བྱེ་བྲག་ཟིན་བྲིས་སུ་བཏབ་པ་དང་། མ་རྒྱུད་རིགས་རྒྱུད་ཀྱི་དུས་སྐབས་སུ་བསླེབས་པ་ན། རི་མོ་སྣ་ཚོགས་ལག་ཆ་བྱས་ཏེ་དོན་དངོས་རེག་ཟིག་ཏུ་འདེབས་པའམ་བསམ་བློ་གང་རུང་མཚོན་པར་བྱས། དེ་ནས་གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ཏུ་སླེབས་པའི་ཚེ། དངོས་པོའི་སྣང་བརྙན་གྱི་བརྡ་རྟགས་ལ་བརྟེན་ནས་བསམ་དོན་གང་རུང་མཚོན་པའི་ཡི་གེ་རང་མཚན་པ་བྱུང་བ་རེད།
དེ་ཡང་གསལ་པོར་བཤད་ན། བར་དུ་རི་མོའི་ཡི་གེ་དང་། མཐའ་མར་འདྲ་གཟུགས་བྱུང་བ་སྟེ། རྟགས་བརྐོ་བའི་རྒྱུ་ཆ་གཙོ་བོ་ནི་རྡོ་དང་རུས་པ་དང་ཤིང་དང་སྨྱུག་མ་སོགས་ཡིན་ལ། རྟགས་བཏབ་པའི་ཚེག་གནས་དང་ཐིག་རིས་ལ་བརྟེན་ནས་དོན་ངེས་པར་བྱེད་པ་རེད། ཐག་མདུད་རྒྱག་པ་ནི། ཐག་པ་དང་མདུད་པའི་གྲངས་ཀ་དང་ཆེ་ཆུང་དང་ཁ་དོག་དང་མདུད་མཚམས་ཀྱི་བར་ཐག་སོགས་ལ་བརྟེན་ནས་དོན་ངེས་པར་བྱེད་པ་ཞིག་རེད། རི་མོའི་ཡི་གེ་ནི་དཔེར་ན་མི་དང་ལྗོན་ཤིང་དང་མདའ་དང་སྲོག་ཆགས་སྣ་ཚོགས་ཏེ། མང་ཆེ་བ་སྡོང་ཤུན་དང་རྡོ་དང་རུས་པ་དང་རྫ་ཆས་དང་ཀོ་ལྤགས་ཀྱི་སྟེང་དུ་བྲིས་ཡོད་ལ། རི་མོའི་ཡི་གེའི་རྨང་གཞིའི་སྟེང་ནས་ད་གཟོད་འདྲ་གཟུགས་ཡི་གེ་བྱུང་བ་རེད། གོང་གི་ཡིག་རིགས་དེ་གསུམ་ལ་ཁྱད་ཆོས་ཡོད་དེ། རྟགས་བརྐོ་བའམ་ཐག་མདུད་རྒྱག་པ་དེ་ནི་གྲངས་ཀ་མཚོན་པ་ཙམ་ལས་དངོས་པོའི་ཁྱད་ཆོས་དང་ངོ་བོ་སྟོན་མི་ནུས། རི་མོའི་ཡི་གེའི་བརྗོད་འདོད་ནི་ནང་དོན་ཙམ་ལས་སྐད་ཆའི་རྣམ་པ་ཇི་ལྟ་བུ་ཡིན་པ་མཚོན་མི་ནུས་ལ་བརྗོད་དོན་རྒྱ་ཆེ་བའང་སྟོན་མི་ཐུབ་མོད། འོན་ཀྱང་དཔེ་གསོན་ཉམས་ལྡན་ཞིང་གོ་སླ་བ་ཞིག་ཏུ་སྣང་། འདྲ་གཟུགས་ཡི་གེ་ནི་གཙོ་ཆེ་བ་ནི་བརྡ་རྟགས་ཡིན་ཏེ། བརྡ་རྟགས་ཀྱི་ནང་དོན་ངེས་ཅན་ཞིག་མཚོན་པས་མི་ཚད། ངག་གི་འབྱིན་སྟངས་ཀྱང་ངེས་ཅན་ཞིག་གཏན་ལ་ཕབ་ཡོད་དོ།།འདྲ་གཟུགས་ཡི་གེ་ཕྱིས་སུ་དོན་མཚོན་ཡི་གེར་འཕེལ་འགྱུར་བྱུང་བ་རེད།།《འཛམ་གླིང་ཤེས་རིག་གི་བྱུང་བ་མདོ་ཙམ་བརྗོད་པ》ལས་བདམས།ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། ཚེ་རིང་དོན་གྲུབ།
རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།
编辑:扎西加