ཟླ11ཚེས8ཉིན། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་འབུམ་རམས་པའི་ཞབས་ཞུ་ལྟེ་གནས་བཙུགས་པ་དེ་ཟི་ལིང་གྲོང་ཁྱེར་གྱི་ས་ཁུལ་རིམ་པའི་འབུམ་རམས་པའི་ཞབས་ཞུའི་ལྟེ་གནས་ཐོག་མ་དེར་གྱུར་པ་དང་། ས་ཁུལ་ནང་ཁུལ་གྱི་འབུམ་རམས་པ་ཞབས་ཞུ་ལྟེ་གནས་གསུམ་ལ་དུས་གཅིག་ཏུ་སྒོ་བྱང་སྤྲད་པ་རེད།ཤེས་རྟོགས་བྱུང་བ་ལྟར་ན། མཁར་ནུབ་ཁུལ་འབུམ་རམས་པའི་ཞབས་ཞུ་ལྟེ་གནས་ཀྱིས“མི་གཙོ་བོར་འཛིན་རྒྱུ་དང་ཞབས་ཞུར་སྣང་ཆེན་བྱེད་པའི”ལས་ཀའི་འདུ་ཤེས་ལ་དམ་པོར་དམིགས་ཏེ་སྲིད་ཇུས་བློ་འདྲི་དང་། ལས་གཞི་རོགས་སྐྱོར། ཏང་ཡོན་གྱི་ཞབས་ཞུ། དངུལ་རྩའི་ཁག་ཐེག་སོགས་ཞབས་ཞུའི་དོན་ཚན10གཞི་གཅིག་ཏུ་བསྡུས་ནས་རིམ་པ་མཐོ་བའི་ཤེས་ལྡན་མི་སྣས་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཆེ་ས་དེ་འབུམ་རམས་པའི་ཞབས་ཞུའི་ལས་དོན་གྱི་འགོ་རྩོམ་ས་དང་ཤུགས་རྒྱག་སར་བརྩིས་ཏེ། ཕྱོགས་སོ་སོའི་ཐོན་ཁུངས་མཐུན་སྦྱོར་དང་གཅིག་སྡུད་བྱེད་པ་དང་། གཟིགས་སྐྱོང་སྲིད་ཇུས་ཧུར་ཐག་གིས་བརྩོན་ལེན་བྱས་ནས་སེམས་ནུས་ཡོད་རྒུས་རིགས་མི་འདྲ་བའི་ཤེས་ལྡན་མི་སྣར་ཞབས་ཞུ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། འབུམ་རམས་པའི་ཞབས་ཞུ་ལྟེ་གནས་ནི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་གཅིག་སྡུད་བྱེད་ཚད་མཐོ་བ་དང་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལེགས་པའི་འཕྲོད་བསྟེན་ལས་རིགས་དང་། བཅའ་ཁྲིམས་ལས་རིགས། ལམ་ཟམ་ཁེ་ལས་བཅས་སུ་བཙུགས་ཡོད།འབུམ་རམས་པའི་ཞབས་ཞུའི་ལྟེ་གནས་དང་ཞབས་ཞུ་ས་ཚུགས་ཀྱི་འཁོར་སྐྱོད་འགན་ལེན་བྱ་ཆེད། མཁར་ནུབ་ཁུལ་གྱིས་ཁུལ་གཏོགས་སྡེ་ཁག18དང་མཉམ་འབྲེལ་ཐོག“དམིགས་འཛུགས་ས་གནས་ཀྱིས་བདག་སྤྲོད་དང་། ཆེད་དོན་མི་སྣའི་ཞབས་ཞུ། འབྲེལ་ཡོད་སྡེ་ཁག་གིས་མཉམ་གཉེར”བཅས་ཀྱི་ལས་ཀའི་རྣམ་པ་གཞིར་བཟུང་བ་དང་། ཞབས་ཞུའི་དོན་ཚན་ཁག་གི་བྱེ་བྲག་གི་ལག་བསྟར་ཞིབ་སྲོལ་དུས་ཐོག་ཏུ་བཟོས་ནས་ཤེས་ལྡན་མི་སྣའི་ཞབས་ཞུ་ལས་དོན་ཚད་ལྡན་ཅན་དང་། སྟབས་བདེ་ཅན། ལས་ཆོད་ཆེ་བ་བཅས་ཡོང་བ་བྱས་པ་རེད། དེ་དང་ཆབས་ཅིག་ཁེ་ལས་དང་བྱ་གཞག་སྡེ་ཁག་དེ་བས་མང་བས་འབུམ་རམས་པའི་ཞབས་ཞུ་ས་ཚུགས་འཛུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་མཐོ་རིམ་ཤེས་ལྡན་པ་སྔར་བས་མང་བ་གཅིག་སྡུད་བྱ་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཡོད། །