大门

音乐教室

计算机教室

学生课外生活

藏文阅读比赛

当前位置: 首页 > 学生作品 > 泽库县西部民族中学校园报刊《青春足迹》(第一期)-藏语文

泽库县西部民族中学校园报刊《青春足迹》(第一期)-藏语文

2020年05月06日 22:55:35 访问量:200





1

བདག་གི་ཕ་ཡུལ།

བསོད་ནམས་དབང་མཚོ།   དམའ་གཅིག་འཛིན་གྲྭ་དྲུག་པ།


 འཛམ་གླིང་དུ་སྙན་པའི་གྲགས་པ་འབར་བའི་མདོ་དབུས་མཐོ་སྒང་གི་བྱང་ཕྱོགས་སུ་མཐོན་པོ་རི་དང་བདེ་མོ་ཐང་གིས་ཡོངས་སུ་བརྒྱན་པ། དྭངས་གསལ་རྫ་ཆུ་བསིལ་མ་ཤག་ཤག་འབབ་པའི་བཞུར་སྒྲ་སྙན་ས། རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་སའི་ཡངས་པའི་རྩྭ་ཐང་། འདི་དག་ནི་བདག་གི་ལྟེ་ཁྲག་འཕོ་སའི་ཕ་ས་ཕ་ཡུལ་སྟེ —ཧོར་གཡང་སྡེ་ཕྱུག་མོ།

ཡུལ་འདིའི་རང་བྱུང་གི་བཀོད་པ་ནི་ལྷའི་རི་མོ་མཁན་གྱི་པིར་རྩལ་ལས་ཐོན་པ་དང་མཚུངས་སྟེ། ས་འདིའི་རི་ཆུ་ནགས་གསུམ་གྱི་མཛེས་པའི་ལོངས་སྤྱོད་རེ་རེའི་ང་ལ་བརྗེད་དུ་མེད་པའི་བག་ཆགས་ཟབ་མོ་ བཞག་པས། ང་རང་གནས་འདི་རུ་འཚར་ལོངས་བྱུང་བ་དེའང་བདེ་སྐྱིད་ཀྱི་དཔལ་དང་ལེགས་ཚོགས་ཀྱི་གཡང་དུ་བསམ་ཡོད།

བདག་གི་ཕ་ཡུལ་གྱི་ཕྱོགས་བཞི་ནི་ཤེལ་དཀར་གངས་རིས་ཡོངས་སུ་བསྐོར་ཡོད་ལ། སྤང་ལྗོངས་སྔོན་མོ་ནི་མཛེས་ཤིང་མཐའ་ཡས་པ་ཞིག་ཡིན། དགུན་དུས་སུ་ཕྱོགས་བཞིར་རབ་དཀར་ཁ་བས་གཡོགས་ཚེ། བདག་གི་ཕ་ཡུལ་ནི་དངུལ་དཀར་གྱི་འཇིག་རྟེན་ཞིག་དང་འདྲ་སྟེ། དེའི་སྟེང་དུ་གསེར་མདོག་གི་ཉི་འོད་འཕྲོས་ཚེ་འོད་ལམ་ལམ་དུ་འཚེར་ནས་མིག་ཀྱང་འབྱེད་དཀའ་བར་བྱེད་ནའང་མཛེས་པ་དེ་ནི་ངག་རྒྱུན་ཁྲོད་ཀྱི་ལྷ་ཡི་ཞིང་ཁམས་ལས་དཔེ་གཞན་ཞིག་བཙལ་ཀྱང་ངལ་བའི་རྒྱུ་རུ་འགྱུར། ད་དུང་རི་རྐེད་ན་འཕྲེད་དུ་འཐེན་པའི་ཀྱག་ཀྱོག་གི་ལམ་བུ་དེར་སྐ་རགས་རིང་བོ་ཞིག་བཅིངས་པ་དང་གཉིས་སུ་མེད་དེ། དེའི་མཛེས་པ་ནི་ལྟད་མོ་བ་སུ་ཞིག་ཡིན་རུང་མིག་གི་ལོངས་སྤྱོད་དང་ཡིད་ཀྱི་དང་བ་འདྲེན་པའི་རྒྱུ་རུ་འགྱུར་བར་ཐེ་ཚོམ་ཅི་ཡང་མེད།

དཔྱིད་ཟླ་འགོ་མ་ཚེས་བ་ནས་བཟུང་། དྲོད་འཇམ་ཉི་འོད་ཀྱིས་རྫ་རི་མཐོན་པོའི་སྟེང་དུ་ཡུན་རིང་བསགས་པའི་ཁ་བ་མཐུག་པོ་དེ་རིམ་གྱིས་ཞུ་ནས་ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན་དུ་འདྲེས་པར་བྱེད་ལ། དེ་ནི་ནོར་འཛིན་སྒེག་མོའི་ལྗང་མདོག་གི་ལྭ་བ་ཞིག་གསར་དུ་གྱོན་པར་སྟ་གོན་བྱེད་པའི་ངང་ཚུལ་བཞིན་མཚར་ཉམས་ཀྱི་མིག་ལྕིབས་ལྷུག་ལྷུག་ཕྱེ། མཐོན་པོ་དགུང་ལ་ཟུག་པའི་གངས་རིའི་ཚོགས་ཀྱིས་ཀྱང་ཡུན་རིང་གྱོན་པའི་དངུལ་དཀར་གྱི་ལྭ་བ་དེ་ཕུད་མ་འདོད་པར་ཨུ་ཚུགས་ཀྱིས་གྱོན་ནས་བསྡད་པར་བལྟས་ན། ཁོ་ཚོ་ནི་ཇི་འདྲའི་དཔའ་ངར་དང་བློ་སྤོབས་ཀྱིས་ཁེངས་ཡོད་དམ་སྙམ།

ལྷག་པར། སྤྱི་ཚོགས་འཕེལ་འགྱུར་གྱི་གོམ་སྟབས་དང་བསྟུན་ནས། ང་ཚོའི་གྲོང་བརྡལ་ཆུང་ཆུང་དེའང་སྔར་ལས་འཕེལ་འགྱུར་ཆེན་པོ་བྱུང་ཡོད་དེ། གཞུང་ལམ་ཚང་མ་སྣུམ་ལམ་དུ་བསྒྱུར་བ་དང་། རླངས་འཁོར་སྣ་ཚོགས་ཀྱི་འགྲོ་འོང་ནི་གྲོག་མའི་ཚང་བརྡོལ་བ་ལྟར་ཤིན་ཏུ་མང་། གཞུང་ལམ་གྱི་གཡས་གཡོན་གཉིས་སུ་ཁང་བརྩེགས་མང་པོ་འཛུགས་བསྐྲུན་བྱས་ཡོད་ལ། ཕལ་ཆེ་བ་ནི་ས་གནས་རང་གི་འབྲོག་པ་མང་ཚོགས་ཀྱིས་གཉེར་བའི་ཚོང་ཁང་དང་མགྲོན་ཁང་སོགས་ཡིན་པས། ཁོ་ཚོས་ཀྱང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་དུ་གཏོང་བར་འབད་འབུངས་བྱེད་བཞིན་པ་མཐོང་ན། ངས་ཀྱང་ནམ་རྒྱུན་དུ་རང་གི་ཕུགས་བསམ་ལ་ཞིབ་འདང་རེ་བརྒྱབས་པ་མ་ཟད། མིག་མདུན་གྱི་དཀའ་ངལ་གདོང་གིས་བསུས་ཏེ་མ་འོངས་མེས་རྒྱལ་ལ་ཞབས་འདེགས་དང་ཕ་ཡུལ་གངས་ལྗོངས་ལ་ནུས་ཤུགས་འབུལ་བར་འདོད་པའི་བསམ་བློ་ཞིག་འགོག་མེད་དུ་སྐྱེས་བྱུང་།

ཕྱོགས་བཞིའི་ཡུལ་གྲུ་གངས་རི་ར་བའི་བསྐོར།།

ཡངས་པའི་ས་གཞི་རྟ་ནོར་ལུག་གིས་ཁྱབ།།

ལྗོན་ཤིང་ཚོགས་ཀྱིས་གར་གྱི་སྟངས་སྟབས་ངོམས།།

འབྲོག་མིའི་འཚོ་བ་དགའ་སྤྲོའི་དཔལ་ལ་རོལ།།


 མཛུབ་སྟོན་དགེ་རྒན། གཡང་ཕྱུག་རྒྱལ།

2

མི་ལ་རས་པའི་རྣམ་མགུར་བཀླགས་པའི་མྱོང་ཚོར།

དངོས་གྲུབ་སྒྲོལ་མ།  དམའ་གཅིག་འཛིན་གྲྭ་དང་པོ།


མི་ལ་རས་པའི་རྣམ་མགུར་ནི་ང་རང་ཆུང་དུས་ནས་ཕ་མའི་མདུན་ནས་གོ་ཐོས་མང་ཙམ་བྱུང་མྱོང་མོད། འོན་ཀྱང་དཔེ་ཀློག་གི་ནུས་པ་ཞན་པས་དངོས་སུ་བརྩམས་ཆོས་དེར་བཀླགས་ནས་རྩོམ་འབྲིའི་སྒྱུ་རྩལ་དང་ནང་དོན་གྱི་ཆ་ལ་རོལ་མྱོང་བྱེད་མ་ཐུབ། ད་ནི་མི་གཤིས་མེ་ཏོག་གི་བརྒྱན་ཞིང་བློ་སྟོབས་ཤེས་རབ་ཀྱིས་ཕྱུག་པའི་དགེ་རྒན་དག་གི་བཀའ་དྲིན་གྱིས། སློབ་སྦྱོང་གི་ཐེམ་སྐས་རེ་རེ་སྤོས་ནས་རིམ་བཞིན་སློབ་འབྲིང་གི་སྒོ་ཐེམ་དུ་སླེབས་དུས། དཔེ་ཀློག་གི་ནུས་པའང་ཅུང་འཕེལ་རྒྱས་སུ་སོང་བས། ཐེངས་འདིའི་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་མི་ལ་རས་པའི་རྣམ་མགུར་བམ་ཀློག་ཙམ་བྱས་པ་ཡིན།

དཔེ་དེབ་འདིར་གཙོ་བོ་ཡུམ་མྱང་ཚ་དཀར་རྒྱན་དང་ཁོ་མོའི་བུ་ཐོས་པ་དགའ་གཉིས་ཀྱི་འཚོ་བ་ཁག་པོ་དང་ཨ་ཁུ་ཚང་གི་བརྙས་བཅོས་འོག་གི་དཀའ་སྡུག་གི་རྒྱབ་ལྗོངས་བརྗོད་ཡོད། ཨ་ཁུ་གཡང་དྲུང་རྒྱལ་མཚན་དང་ཨ་ནེ་པད་སྒྲོན་གཉིས་ནི་གདུག་རྩུབ་ཆེ་ཞིང་སྙིང་རྗེ་མེད་པས་ཁོང་མ་བུ་གཉིས་ཀྱི་ཡབ་མི་ལ་ཤེས་རབ་རྒྱལ་མཚན་ཤི་བའི་རྗེས་ཀྱི་རྒྱུ་ནོར་ཐམས་ཅད་གཡོ་འཕྲོག་བྱས་ཚུལ་དང་ཁྱིམ་གྱི་ལས་ཀ་མཐའ་དག་བཙན་གྱིས་ལས་སུ་བཅུག་ཚུལ། གཞན་ཡང་ལྟོ་བ་ཁྱི་ལས་ཀྱང་ཞན་པ་སོགས་བྲིས་པ་བརྒྱུད་ནས་དཀའ་སྡུག་གི་འཚོ་བའི་བརྒྱུད་རིམ་ཞིག་དང་། མི་ལ་རས་པའི་ཡབ་ཆུང་དུས་ནས་འདས་པ་དང་བླ་མ་གཡུང་སྟོན་ཁྲོ་རྒྱལ་དང་གཙང་རོང་གི་བླ་མ་གནུབས་པ་གཉིས་ཀྱི་མདུན་དུ་ཀློག་དང་མཐུ་སློབ་དུ་མངགས་ཏེ་ཁོང་མ་བུ་གསུམ་གྱི་སྙིང་ནད་བརྩད་ཀྱང་། མཐུ་བཏང་སྟེ་མི་རྟ་དང་ལོ་ཏོག་མང་པོ་བཅོམ་སྟབས་མི་ལ་དང་ཡུལ་མི་ཚོའི་བར་ལའང་འགལ་བ་བྱུང་ནས་ཁོ་རང་ཕ་ཡུལ་དུ་ལོག་མ་ཕོད། གནས་ཚུལ་དེ་ལྟ་བུའི་འོག་ཏུ་མི་ལ་རས་པས་རང་གི་བསགས་པའི་ནག་ཉེས་ལ་གནོང་འགྱོད་དང་བཅས་སྡིག་སྒྲིབ་སེལ་ཆེད་དུ་བླ་མ་རོང་སྟོན་ལྷ་དགའ་དང་བླ་མ་མར་བ་གཉིས་བསྟེན་ཏེ་ལུས་ངག་ཡིད་གསུམ་སློབ་དཔོན་ལ་འབུལ་ཐུབ་པའི་བླ་ན་མ་མཆིས་པའི་སྙིང་སྟོབས་ལ་བརྟེན་ནས་སྒྲིབ་པ་ཉམས་ལེན་མཛད་མཐར་མངོན་པར་རྫོགས་པའི་སངས་རྒྱས་པའི་ཚུལ་བརྗོད་ཡོད།

ཐེངས་འདིའི་དཔེ་ཀློག་གི་ཁྲོད་དུ་ང་རང་ལ་སྔ་ན་མེད་པའི་བློ་སྒོ་ཞིག་ཕྱེས་བྱུང་ལ། མི་ཆོས་ཀྱི་རིན་ཐང་ངོ་མ་ཞིག་གི་རྒྱབ་ལྗོངས་རྟོགས་སུ་བཅུག གཞན་མི་ལ་རས་པ་འཚོ་གཞེས་སྐབས་ཀྱི་སྤྱི་ཚོགས་དེ་ནི་བཀས་བཀོད་རྒྱུད་འཛིན་བཤུ་གཞོག་གྲལ་རིམ་གྱི་ཤུགས་རྐྱེན་དང་བག་ཆགས་གཏིང་ཟབ་མོ་ཡོད་པས། འཁོར་བ་ལ་སྙིང་བོ་ཅི་ཡང་མེད་པ་དང་། ལས་རྒྱུ་འབྲས་དང་ཚེ་སྔོན་བསགས་པའི་བསོད་ནམས་སོགས་ལ་ཡིད་ཆེས་དགོས་པ་ནི་ངས་དཔེ་ཀློག་གི་བློ་བསྐྱེད་དམ་དགེ་མཚན་དུ་བརྗོད་ཆོག་གོ།


མཛུབ་སྟོན་དགེ་རྒན། གཡང་ཕྱུག་རྒྱལ།

3

ཨ་མའི་དྲིན་ལན། 

མཁའ་མོ་མཚོ།    དམའ་གཅིག་འཛིན་གྲྭ་བདུན་པ།


      འཇིག་རྟེན་འདིར་བཀའ་དྲིན་ཤིན་ཏུ་ཆེ་བ་ནི་བྱམས་ལྡན་གྱི་ཨ་མ་ཡིན། ཟླ་དགུ་ཞག་བཅུའི་རིང་ལ་མངལ་དུ་ཁུར་བའི་དྲིན་ཆེན་ཨ་མའི་སྡུག་བསྔལ་དེ་སུས་ཀྱང་ཚོར་ག་ལ་ཐུབ།  ཨ་མའི་སྙིང་སྟོབས་དང་ལྷག་བསམ། གཞན་ཡང་བུ་ཕྲུག་དག་ལ་བཅངས་བའི་བརྩེ་བས་ཕྱུག་པའི་འདང་བརྩེ་དང་སྐུ་དྲིན་ནི་བུ་མོ་ངས་ནམ་ཡང་བརྗེད་ཐུབ་མེད་ལ། ཆུང་དུས་ནས་ཨ་མ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་དཀའ་ལས་བརྗོད་ཀྱིས་མི་ལང་བ་ཞིག་མྱངས་ཡོད་ཀྱང་། དཀའ་སྡུག་གི་མིག་ཆུ་དེ་ང་ཚོར་དོག་ཙམ་ཡང་མཐོང་དུ་བཅུག་མ་མྱོང་།  ཁྱེའུ་དུས་ནས་བཟུང་ང་ཚོ་ཨ་མའི་བྲང་གི་ནུ་མས་གསོས་ཤིང་། རིམ་བཞིན་དུ་ནར་སོན་པའི་བརྒྱུད་རིམ་ཁྲོད་དུ་ལྭ་ཡག་པོ་ཡོད་ན་ང་ལ་བསྐོན་ཞིང་ཟས་ཞིམ་པོ་ཡོད་ན་ང་ལ་བྱིན། བུ་མོ་ང་ལ་བདེ་སྐྱིད་ཐོབ་པར་འབུངས་བའི་དྲིན་ཆེན་ཨ་མ་ལགས།  ཁྱེད་མེད་ན་ང་ལ་དེ་རིང་གི་བདེ་སྐྱིད་འདི་འདྲ་ཞིག་ཡོད་ག་ལ་སྲིད། 


ཉིན་ཞིག་ལ་ང་རང་སློབ་གྲོགས་འགའ་དང་མཉམ་དུ་གྲོང་ཁྱེར་དུ་སོང་བ་ཡིན། སྐབས་དེར་གྲོང་ཁྱེར་གྱི་རྒྱ་སྲང་དུ་བོད་ལྭ་གྱོན་པའི་བུད་མེད་ཅིག་འགྲོ་བ་མཐོང་། དེ་མ་ཐག་ཏུ་ངའི་སེམས་ཀྱི་མེ་ལོང་ངོས་སུ་ཐོག་དང་པོར་འཆར་ཡོང་བ་ནི་མཐོ་སྒང་དུ་ནོར་ནག་གི་རྨིག་རྗེས་སྙེག་པའི་ཨ་མའི་གཟུགས་རིས་དེ་རེད།   ངའི་ཨ་མ་ད་དུང་དགུང་ལོ་བགྲེས་རྒྱུ་མེད་ཀྱང་། མོའི་གདོང་ལ་སྔ་མོ་ནས་རྒས་གཉེར་གྱི་དྲ་བས་ཁེབས་འདུག ང་རང་ལ་གནང་བ་བྱིན་ནས་ཕྱིར་ཕ་ཡུལ་དུ་ལོག་ཐེངས་རེ་རེར་མོའི་གདོང་གི་གཉེར་མ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྣང་བ་ཞིག་ངང་གིས་སྐྱེས་བྱུང་བས།  ངའི་མིག་ལས་མཆི་མ་དབང་མེད་དུ་ལྷུང་སོང་། འདི་ལྟར་ཕྱིར་འདང་གི་ཀློང་ནས་དེ་སྔོན་ཨ་མར་དྲིས་བའི་འདྲི་གཞི་དག་ཝ་ལེར་སེམས་སུ་ཤར་ཡོང་། དེ་ནི“ངའི་ཨ་མ་ལ། ཁྱེད་ཀྱིས་དོན་དག་ཅི་ཞིག་གི་དབང་གིས་སྡུག་བསྔལ་འདི་ལྟ་བུ་ཞིག་མྱངས་དགོས་པ་རེད། ” ཞེས་དྲིས་པ་ན།  ཨ་མས“ང་རང་སློབ་གྲྭར་འགྲོ་མྱོང་མེད་པས། བུ་ཕྲུག་ལ་འདི་ལྟར་བྱམས་ཤིང་བརྩེ་བ་ནི་ལྷན་སྐྱེས་ཀྱི་རང་གཤིས་ཡིན་ལ།  འདི་ལས་ལྷག་པ་ཞིག་བསྒྲུབ་འདོད་ཀྱི་བསམ་པ་ཡོད་ཀྱང་བསྒྲུབ་རྒྱུའི་ནུས་པ་ནི་ང་ལ་མེད་པས། བུ་མོ་ཁྱེད་ཀྱིས་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ་ཨ་མ་ལྟ་བུའི་དུས་རབས་ཀྱི་སྙིགས་མ་ཞིག་མི་བྱེད་པར་རང་ཉིད་ཀྱི་མ་འོངས་པའི་མདུན་ལམ་ཡག་པོ་ཞིག་འཚོལ་དགོས”ཟེར། 

  རེད་ཡ། ངའི་ཨ་མ་ནི་ཇི་འདྲའི་མིག་རྒྱང་རིང་ཞིང་རླབས་ཆེན་ཞིག་རེད་ཨང་།    ཨ་མ་ལགས།  ངས་ཁྱེད་ཀྱི་དྲིན་ལན་དང་དཀའ་སྡུག་ནམ་ཡང་བརྗེད་མི་སྲིད་ལ། དེ་བས་ཀྱང་ཁྱེད་ཀྱི་གསུང་ངག་གི་གདམ་ཚིག་རེ་རེ་སྙིང་ལ་ཉར་ནས་ཅིས་ཀྱང་སློབ་སྦྱོང་ལ་འབད་ངེས་སོ།།


མཛུབ་སྟོན་དགེ་རྒན། ཀླུ་རྒྱལ་འབུམ།

4

བསིལ་ལྡན་ཁ་བའི་ལྗོངས།

གཅོད་པ་སྐྱིད། དམའ་གཅིག་འཛིན་གྲྭ་གསུམ་པ།


གངས་རིའི་མུ་ཁྱུད་ཀྱི་ཡོངས་སུ་བསྐོར་བའི་བསིལ་ལྡན་ཁ་བའི་ལྗོངས་ཀྱི་ཡུལ་དབུས་སུ།   རིན་ཆེན་དབང་སྔོན་ལན་བརྒྱར་བྱུགས་པ་བཞིན་རབ་ཏུ་སྔོ་བའི་ཀུན་གསལ་བུ་མོའི་དྲུང་ཏུ།  མིག་དབང་ཅིག་ཅར་དུ་འཕྲོག་པའི་མཚམས་སྤྲིན་དམར་པོ་དག་ནི།  འབི་ཤ་ཀརྨའི་སྨྱུག་རྩེ་ལས་ཐོན་པ་དང་འདྲ་བས།  འདི་ནི་སྐྱེ་འགྲོ་སུ་ཞིག་ཡིན་ཀྱང་མིག་གི་དགའ་སྟོན་དུ་རོལ་མི་འདོད་མཁན་ཞིག་ག་ལ་མཆིས།

དྭངས་གསལ་ཤེལ་གྱི་མཆོད་རྟེན་‌དགུང་ལ་བསྙེགས་པ་དང་འདྲ་བའི་གངས་ཀྱི་རི་སྐེད་དུ།     དར་དཀར་ཀྱི་ཡོལ་བ་ཡུག་གཅིག་ཏུ་འཐེན་པ་འདྲ་བའི་སྨུག་པ་རྒྱུ་བར་མ་ཟད།  གནམ་ས་དཀྱུས་གཅིག་ཏུ་འབྲེལ་བ་ལྟ་བུའི་མཐའ་ཡས་པའི་རྩྭ་ཐང་དང་རི་ཀླུང་། ཆུ་བོ་ཐམས་ཅད་ཡུན་ནས་ཡུན་དུ་ས་འཛིན་སྒེག་མོའི་རུམ་ཁོངས་སུ་བཞུར་ནས།  བྱ་དངོས་ཡོད་དོ་ཅོག་ལ་ཚེ་སྲོག་གི་སྟོབས་ཤུགས་གང་མང་ཞིག་སྩོལ་བཞིན་གདའ།

དུས་དེ་ན།  དབྱར་ཀྱི་སྒེག་མོའི་ས་གཞི་དང་རི་ཀླུང་། ཆུ་བོ་ཐམས་ཅད་ཀྱིས་ལྗང་མདོག་གི་གོས་གསར་མནབས་ཏེ།   མརྒད་ཁུ་བའི་ལན་བརྒྱར་བྱུགས་པ་ལྟ་བུའི་གཡུ་ཡི་སྤང་གཞུང་དུ། རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ཏེ་གཡུ་ལོར་ཁྲ་བཏབ་པ་ལྟར་དཔལ་ཀྱི་ཕྱུག་ཚེ་ཡིད་ཀྱི་འདུན་མ་དེ་ཉིད་དུ་འཕྲོག་འགྲོ་ལ།   ལྷུང་ལྷུང་དུ་འབབ་པའི་གཙང་བོའི་ནང་གི་བྱིས་པ་དག་ནི་རྩེད་དགའི་དཔལ་ལ་རོལ་ནས་ཡུལ་དེ་ནི་དགོད་སྒྲའི་འཇིག་རྟེན་ཆུང་ཆུང་ཞིག་ཏུ་བཞེངས་འདུག   ཁོད་ཡངས་ཞིང་འཛེར་སྒྲ་དབེན་པའི་རྩྭ་ཐང་གི་ཞོགས་པ་ནི་ཡུལ་འདིའི་བྱིས་པ་རྣམས་ཀྱི་རེ་བ་དང་ཡིད་ཆེད་ཀྱིས་ཁེངས་བའི་ཀ་ཁའི་དབྱངས་རྟ་གྱེར་ས་ཡིན། ཁོ་ཚོའི་གངས་ལྗོངས་གསར་བ་འཛུགས་སྐྲུན་བྱེད་པར་འབད་ཀྱིན་ཡོད།  གཞན་བཤེས་གཉེན་དམ་པ་དག་གིས་སློབ་བུ་ཚོའི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ།   མཚན་མོར་ཟླ་བ་དང་འགྲོགས་ལ་སྔ་མོར་ཐོ་རེངས་དང་ལྷན་དུ་བྱིས་པ་ཚོའི་ཚེ་སྲོག་ལ་འོད་སྣང་ཅིག་སྐྲུན་པར་རེམས་ཀྱིན་འདུག་ཨང་།

   ང་རང་མཛམ་གླིང་ཡུལ་གྲུ་ཀུན་གྱི་མི་རྣམས་ཡིད་སྨོན་འཆོར་སའི་བསིལ་ལྡན་གངས་ཀྱི་ལྗོངས་འདིར་དགའ་ཞིང་ཞེན་ལ།  ཕ་ས་ཕ་ཡུལ་འདི་ནི་ངའི་ཚེ་སྲོག་གི་གཞི་རྐང་འཚོལ་ས་གཅིག་པུའང་ཡིན་ནོ།།


མཛུབ་སྟོན་དགེ་རྒན། གདུགས་དཀར་ཚེ་རིང་།

5

དྲིན་ཆེན་གྱི་དགེ་རྒན།

གསེར་སྒྲོན། དམའ་གཅིག་འཛིན་གྲྭ་གསུམ་པ།


རྨོངས་པའི་མུན་པ་ལས་གྲོལ་བར་བྱེད་པའི་ངའི་སེམས་སུ་ནམ་ཡང་ནུབ་པ་མེད་པའི་དྲིན་ཆེན་གྱི་དགེ་རྒན་ལགས།  ཁྱེད་ཀྱི་ལྷག་བསམ་ནི་གངས་རི་ལས་དཀར་ཞིང་མཛད་པ་ནི་རི་རབ་ལས་བརྗིད་ཅིང་།  ཁྱེད་ནི་མུན་ནག་ཁྲོད་ཀྱི་འོད་སྣང་དེ་ཡིན་ལ།  ཁྱེད་ནི་རྨོངས་གཉིད་ཀྱི་མུན་པ་སྟུག་པོ་དེ་ལས་གྲོལ་བར་བྱེད་པའི་ལམ་སྟོན་གྱི་སྒྲོན་མེ་ཞིག་དང་ཇི་འདྲིའི་མཚུངས་ཨང་།

བྱམས་སེམས་ཀྱི་ཕྱག་ཟུང་རིང་དུ་བརྐྱངས་ཤིང་སྙིང་རྗེ་ཡི་འོད་སྣང་ཕྱོགས་བཅུར་འགྱེད་པའི་དགེ་རྒན་ལགས།    ཁྱེད་ཀྱི་རྒྱུད་ན་ནག་ནོག་གི་དྲི་མ་བྲལ་ཅིང་།  བློ་ངོར་བསླུ་བྲིད་དང་གཡོ་སྒྱུའི་དབེན།  ཁྱེད་ཀྱི་ཤེས་རིག་དང་མཁྱེན་རྒྱ་མཁའ་ལས་ཡངས་ཤིང་རྣམ་དཔྱོད་ཀྱི་བློ་རིག་གློག་ལྟར་མྱུར་བ་ཞིག་ཡིན་ལ།  རྒན་ཁྱེད་ཀྱིས་དུས་རྒྱུན་ང་ཚོ་སློབ་བུ་རྣམས་ལ་ཁྱེད་ཚོས་སློབ་སྦྱོང་ལ་འབད་པ་བྱས་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་་བྱེད་དགོས་པ་དང་། རང་ཉིད་ཀྱི་དྲིན་ཆེན་ཕ་མ་ལ་དྲིན་ལན་འཇལ་དགོས་ཞེས་ངེད་ཅག་ལ་ཡང་དང་ཡང་དུ་གསུང་མྱོང་། དགེ་རྒན་ལགས། ཁྱེད་ཀྱི་མཛུབ་སྟོན་དང་བཀའ་སློབ་རེ་རེའི་ཁྲོད་ནས་ད་གཟོད་ང་ཚོའི་ཐོབ་ཤོར་དང་ཕམ་ཉེས་ཀྱི་བར་ཐག་ཚོར་ཞིང་། སྐྱོ་གདུང་དང་དགོད་སྒྲས་ཁེངས་པའི་ཉིན་རྒྱུན་གྱི་འཚོ་བའི་ཁ་ཕྱོགས་རྙེད་པ་རེད།  བཀའ་དྲིན་རྒྱ་མཚོ་ལས་གཏིང་ཟབ་པའི་དྲིན་ཆེན་གྱི་སློབ་དཔོན་དམ་པ་ལགས།  ཁྱེད་ཀྱིས་ང་ཚོ་སློབ་བུ་རྣམས་ཀྱི་མ་འོངས་བའི་མདུན་ལམ་གྱི་ཆེད་དུ་དགུན་ཁ་བའི་འཇབ་རྒོལ་གདོང་གིས་བསུས་ཤིང་།  དབྱར་ཆར་ཆུས་འཇིགས་པ་ཟས་སུ་སྒོམ་བཞིན་འབད་འབུངས་བྱེད་ལ།  དྲིན་ཆེན་གྱི་སློབ་དཔོན་དམ་པ་ལགས།  ཁྱེད་ཀྱིས་གཞན་དོན་གྱི་ཕྱིར་དུ་རང་ནུས་ཡོད་ཚད་འབུལ་ཐུབ་པས།  ཁྱེད་ནི་འགྲོ་བ་མིའི་རིགས་ཀྱི་ལམ་སྟོན་གྱི་སྒྲོན་མེ་ཡིན་ལ། ང་ཚོའི་འཇིག་རྟེན་འདི་ནས་དྲིན་ལན་འཇལ་ཐབས་བྲལ་བའི་ཕ་མ་གཉིས་པའང་ཁྱེད་ཉིད་ཡིན།

དྲིན་ཆེན་གྱི་དགེ་རྒན་ལགས།  མཐར་ཁྱེད་སྐུ་གསེར་གྱི་ཉི་མ་ལ་ནག་ནོག་དྲི་མས་མ་གོས་པར་བྱ་གཞག་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུ།།


མཛུབ་སྟོན་དགེ་རྒན། གདུགས་དཀར་ཚེ་རིང་།

6

ཨ་མའི་དྲིན་ལན།

སྲུང་མ་སྐྱབས། དམའ་གཅིག་འཛིན་གྲྭ་དྲུག་པ།


ཟླ་དགུ་ཞག་མ་བཅུ་ཡི་རིང་ལ་སྡུག་གི་ཁུར་བོ་ཐོད་དུ་བླངས།།

མཐིང་སྨིག་མགོ་སྦྲ་གྲུ་བཞིའི་ནང་དུ་ངུ་སྐད་ཐོག་མ་མཆེད་དུ་བཅུག །

ནུ་ཞོ་མངར་མོའི་བཅུད་ལ་བསྟེན་ནས་གོམ་ཁ་དང་པོ་སྤོ་རུ་བཅུག །

བྱམས་ལྡན་ཨ་མའི་དྲིན་ལན་བསམ་ན་འཇལ་བའི་ཚད་ཅིག་ཡོད་མ་ཡིན།།


ཡོད་ཚད་བུ་ཆུང་ང་ཡིས་ཆེད་དུ་དཀའ་སྡུག་རེ་རེ་ཕྲག་ཏུ་འཁུར།།

རེ་བའི་སྙིང་གཏམ་རུམ་ལ་བཅུག་ནས་མི་ཚེ་ཧྲིལ་བོ་བདག་ལ་ཕུལ།།

འདི་དག་བསམ་ན་བདག་གི་སྙིང་དབུས་རྣོན་པོ་མདའ་ཡིས་བསྣུན་པ་འདྲ།།

རྗེས་ཕྱོགས་ང་ཡིས་བརྩོན་འགྲུས་རྟ་ཕོར་ལྕག་གིས་སྐུལ་ཏེ་དྲིན་ལན་མཇལ།།


མཛུབ་སྟོན་དགེ་རྒན། གཡང་ཕྱུག་རྒྱལ།

7

ཕ་ཡུལ་གྱི་དུས་བཞི།

གསེར་མཚོ། དམའ་གཅིག་འཛིན་གྲྭ་བདུན་པ། 


        ཕྱི་ན་གངས་ཀྱི་ལྷུན་པོས་ཕྱོགས་བཞི་ཡོངས་སུ་བསྐོར་ཞིང་དབུས་ན་གཡང་ར་སྒོ་བཞིའི་འཕེལ་ཁ་རྣམ་པར་དར་ནས་རྟ་ནོར་ལུག་གསུམ་ག་ས་གང་དུ་ཁྱབ་པའི་མཛེས་སྡུག་གི་རྩྭ་ཐང་ཆེན་པོའམ། གཙང་ཆབ་སྔོན་མོ་ལྷུང་ལྷུང་དུ་འབབ་པའི་གནས་མཆོག་སྟེ། རྩེ་གཞུང་སྨན་ལྗོངས་ཕྱུག་མོ་ཞེས་པའི་ས་ཆ་དེ་ནི་བུ་མོ་ང་ཡི་ལྟེ་ཁྲག་ས་ལ་འཕོས་ས་ཡིན་པར་མ་ཟད་ལང་ཚོའི་ཁོ་ལག་རྒྱས་སའང་ཡིན། ཕ་ཡུལ་གྱི་དུས་བཞི་ནི་ལྷའི་རི་མོ་མཁན་གྱིས་པིར་རྩལ་ལས་ཐོན་པ་ཇི་བཞིན་ཧ་ཅང་མཛེས་པས། ང་རང་ངའི་ཕ་ཡུལ་ལ་དགའ་ཞིང་།  ཕ་ཡུལ་གྱི་དབྱར་དུས་ལ་དེ་ལས་ཀྱང་དགའ་འོ།།

       དབྱར་ཁར། གནམ་སྔོན་པོའི་འོག་ཏུ་སྔོ་ལྗང་གི་རྩྭ་ཐང་མཐའ་ཀླས་པར་སྣང་ལ། མུ་མཐའ་མེད་པའི་རྩྭ་ཐང་དུ་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་འདུག་པས། རྟ་ནོར་ལུག་གསུམ་གྱིས་བློ་བདེ་བག་ཕེབས་ཀྱི་ངང་ནས་དགའ་བདེའི་དཔལ་ལ་རོལ་འདུག  སྐབས་དེར་ང་ཚོས་གཡང་དཀར་ལུག་གི་འབའ་སྒྲ་དང་ནག་མོ་ནོར་གྱི་ངུར་སྒྲ། འདོ་རིགས་རྟ་ཕོའི་འཚེར་སྒྲ་བཅས་ཐོས་ཐུབ་ལ། དེ་ནི་ཆེས་ཉན་པར་སྤྲོ་ལ་གསོན་ཉམས་ལྡན་པའི་རོལ་དབྱངས་སྙན་མོ་ཞིག་དང་གཉིས་སུ་མེད། རྫི་བོ་ཕོ་མོ་རྣམས་ཀྱི་མེ་ཏོག་རྣམ་པར་བཀྲ་བའི་རྩྭ་ཐང་དུ་ནོར་ལུག་འཚོ་སྐྱོང་བྱེད་བཞིན་ཡོད་ལ། སྙན་འཇེབས་ཀྱི་རྫི་གླུ་སྙན་མོ་དེ་ཡང་གང་སར་ཁྱབ་ཡོད་པས་སྙན་དབང་གསོ་བའི་བདུད་རྩི་རུ་འགྱུར་ཐུབ། ངའི་གཅེས་སུ་འོས་པའི་ཕ་ཡུལ་རྩྭ་ཐང་ལགས། ང་ནི་ཁྱེད་ཀྱི་པང་དུ་འཚར་ལོངས་བྱུང་བའི་འབྲོག་མོ་ཞིག་ཡིན་ཕྱིར་ངས་ནམ་ཡང་ཁྱེད་ལ་བསྟོད་པའི་མེ་ཏོག་གི་ཆར་བ་གཏོར་འདོད། 

       དཔྱིད་དུས་སུ་མཐའ་བསྐོར་གྱི་གངས་འཁྱག་ཡོངས་སུ་ཞུ་ནས་རྫ་ཆུ་བསིལ་མར་གྱུར་ཏེ་དལ་གྱིས་འབབ་པ་དང་། ཞིང་བ་རྣམས་ཀྱིས་ཀྱང་ས་ཞིང་གཤིན་པོའི་སྟེང་དུ་ས་བོན་འདེབས་པ་སོགས་ལོ་གཅིག་གི་བྱ་བའི་འགོ་ཚུགས་པས་བྲེལ་བ་ཧ་ཅང་ཆེ།  མཛེས་སྡུག་་ལྡན་པའི་རྩྭ་ཐང་གིས་སྔོ་ལྗང་གི་གོས་ལ་བཀླུབས་པས། ང་ཚོའི་སེམས་ལ་དགའ་བདེའི་ཚོར་བ་ཞིག་དབང་མེད་དུ་སྐྱེས་ཡོང་།

        སྟོན་ཁ་སླེབས་དུས་སྤང་རི་དང་རྫ་རི་ཐམས་ཅད་ཀྱིས་གསེར་མདོག་གི་ན་བཟའ་བཀླུབས་ཡོད་པས། དུས་ཚིགས་འདི་ང་ཚོ་འབྲོག་པ་མང་ཚོགས་ལ་མཚོན་ན་ཧ་ཅང་སྤྲོ་སྐྱིད་ལྡན་པའི་དུས་ཚིགས་ཤིག་ཡིན། རྒྱུ་མཚན་ནི་སྟོན་ཁར་རྟ་ནོར་ལུག་གསུམ་ལ་ཤ་ཤེད་རྒྱས་ཡོད་པ་མ་ཟད། ཤ་མར་རྩམ་གསུམ་གྱིས་ཕྱུག་པའི་དུས་ཤིག་ཡིན། མཛེས་སྡུག་ལྡན་པའི་རྩྭ་ཐང་ནི་ས་ལེ་སྦྲམ་གྱིས་ཁུ་བས་ཡོངས་སུ་བྱུགས་པ་དང་འདྲ་བར་གསེར་མདོག་གི་འཇིག་རྟེན་ཞིག་ཏུ་གྱུར་འདུག

       དགུན་གྱི་དུས་ནི་རྒྱ་སྟག་ངར་མ་བཞིན་མིག་མདུན་དུ་མཆོངས་ཡོང་དུས། གྲང་ལྷགས་ཀྱིས་མེ་ཏོག་དང་རྩྭ་ལྗང་སོགས་ཀྱི་མཛེས་སྡུག་གི་རྒྱན་ཆ་རྨང་ནས་བཅོམས་ཞིང་། སྐྱེ་འགྲོ་ཀུན་ལ་བག་འཁུམས་པའི་ཉམས་སྣང་ཞིག་ངང་གིས་དོད་པར་བྱེད། སྐབས་འདིར། ཞིང་ས་དང་རི་བོ། སྤང་ལྗོངས་དང་། ཆུ་བོ། རྩྭ་ཐང་སོགས་ག་ས་གང་དུ་ཁ་བའི་མནའ་བཟའ་དཀར་པོ་ཞིག་གིས་གཡོགས་འདུག་ལ་དངུལ་དཀར་གྱི་འཇིག་རྟེན་ཞིག་དང་ཀུན་ནས་མཚུངས་ཨང་།

       ཕ་ཡུལ་གྱི་དུས་བཞི་ནི་འདི་འདྲའི་མཛེས་སྡུག་ལྡན་པ་ཞིག་ཡིན་ལ། གལ་ཏེ་ཁྱོད་རང་ངའི་ཕ་ཡུལ་ལ་སླེབས་འདོད་ཀྱི་བསམ་པ་ཡོད་ན། མྱུར་དུ་ཕེབས་དང་ང་ཚོས་ཁྱིམ་ཚང་རེ་རེས་ཁྱེད་ལ་འོ་ཇ་ཞིམ་པོ་དང་། ཤ་མར་ཐུད་གསུམ་གྱི་མགྲོན་བསུ་ཡག་པོ་ཞིག་བྱེད་པར་མ་ཟད། སྐད་ངག་སྙན་མོའི་གླུ་ཆུང་གིས་ཁྱེད་ལ་བསུ་མ་བྱེད་ངེས། མྱུར་དུ་ཕེབས་དང་ཕྱོགས་བཞིའི་མགྲོན་པོ་ལགས། མཛེས་སྡུག་ལྡན་པའི་ཕ་ཡུལ་གྱིས་དུས་ནམ་ཁྱེད་ཚོར་ལྷག་བསམ་འཁོལ་བས་དགའ་བསུ་བྱེད་ངེས།


མཛུབ་སྟོན་དགེ་རྒན། ཀླུ་རྒྱལ་འབུམ།

8

སྙན་རྩོམ་ཐོར་བུ།

ལྷག་པ་སྒྲོལ་མ། དམའ་གཅིག་འཛིན་གྲྭ་ལྔ་བ།

                            ཨ་མ།

ཟླ་དགུ་ཞག་བཅུར་མངལ་དུ་སྦྲུམ་པའི་དྲིན་ཆེན་ཨ་མ་ཁྱེད།།

ནངས་སྔ་དགོང་འཕྱིས་ལས་ལ་གཞོལ་མཁན་བརྩོན་ལྡན་ཨ་མ་ཁྱེད།།

བུ་ཕྲུག་བྱམས་དང་བརྩེ་བས་སྐྱོང་མཁས་བྱམས་ལྡན་ཨ་མ་ཁྱེད།།

བྱམས་དང་བརྩེ་བ་ལྷ་ལས་ལྷག་པ་ཁྱེད་ལས་སུ་ཞིག་མཆིས།།


                           ཨ་ཕ།

ཉིན་མཚན་དུས་དྲུག་ཕྱི་ལ་འཁོར་བའི་དྲིན་ཆེན་ཨ་ཕ་ལགས།།

ཁྱིམ་གཞིས་ཆེད་དུ་ཇ་ཐུབ་ཙམ་ལ་ལྷོད་གཡེང་མི་བྱེད་པར།།

སེན་མགོ་ཁྲག་དང་སེན་རྟིང་རྣག་གིས་ལས་ལ་རྒྱུ་བ་འདི།།

 བརྩེ་ལྡན་ཨ་ཕ་ཁྱེད་ཀྱི་བཅོས་མིན་སེམས་ཀྱི་རི་མོ་ལགས།།


                             དགེ་རྒན།

ཤེས་རིག་སྣ་ཚོགས་རྒྱུད་ལ་སྤྲོད་མཁས་དུས་རབས་ཤིག་གི་སྒྲོན་མེ་ལགས།།

གཟུར་བའི་མིག་གིས་ཕྱོགས་རེས་མེད་པར་དཔྱོད་ལྡན་སློབ་བུ་ཀུན་ལ་གཟིགས།།

ཤ་དང་ཉེ་འབྲེལ་རྒྱང་དུ་བཞག་ནས་མི་རིགས་སློབ་གསོའི་ཆེད་དུ་འབད།།

ང་ཡི་རིགས་པའི་སྒོ་མོ་འབྱེད་མཁན་དགེ་རྒན་དམ་པ་སྐུ་དྲིན་ཆེ།།


མཛུབ་སྟོན་དགེ་རྒན། ཀླུ་རྒྱལ་འབུམ།

9

ཞོགས་པའི་རྩྭ་ཐང་།

བཀྲ་ཤིས་ལྷ་མོ།    དམའ་གཅིག་འཛིན་གྲྭ་བཞི་པ།


        གསེར་མདོག་གི་ཉི་གཞོན་དལ་གྱིས་འཛུམ་དུས། ཕ་ཡུལ་གྱི་རྩྭ་ཐང་ལ་སྔར་མེད་ཀྱི་བཀྲག་མདངས་གསར་བ་ཞིག་རྒྱས་སུ་བཅུག   གཡུ་འབྲུག་འཁྱུག་པ་ལྟར་ལྷོད་ཀྱིས་བཞུར་བའི་ཆུ་མོའི་ངོགས་གཉིས་སུ་མེ་ཏོག་གི་འདབ་བརྒྱ་ལྷུག་པར་གྲོལ་ཡོད་ལ། གཡང་དཀར་ཀྱི་འབའ་སྒྲ་དང་ནོར་གནག་གི་ངུར་སྒྲ་གང་སར་ཁྱབ་ཡོད་པ་དེ་ནི་ངའི་ཕ་ཡུལ་གྱི་ཞོགས་པའི་རྩྭ་ཐང་ཡིན་ནོ།།

       ནངས་སྔ་མོའི་ཉི་རྩེ་ཕ་གིའི་རི་མགོར་འཕྲོས་མ་ཐག་ཏུ་ང་རང་མལ་ལས་ལངས་ནས་དྭངས་གཙང་གི་མཁའ་དབུགས་དང་མྱུར་ལྡན་གྱི་བློ་རིག་གཉིས་ཟུང་དུ་འབྲེལ་ཏེ་དཔེ་ཆ་བློར་འཛིན་པའམ་དཔལ་དོན་འགྲུབ་རྒྱལ་ལགས་ཀྱི་སྙན་ངག་འགའ་རེ་གྱེར་འདོན་བྱེད་ཞོར།  ཕ་ཡུལ་གྱི་དྭངས་གཙང་གི་ཆུ་མོའི་ཤག་སྒྲ་དང་།  བྱིའུ་ཆུང་གི་རྒུན་འབུ་འཐུ་བའི་སྐད་ཅོར། སྒེག་ལྡན་གྱི་གཞོན་ནུ་མས་འབྲི་མོ་བཞོ་བའི་དབྱངས་སྙན་མོ་དང་ལྷན་གཅིག་ཏུ་ཤེས་རིག་གི་ཐང་ཆེན་དུ་ཤེས་རབ་ཀྱི་རྟ་ཕོ་ལ་བརྩོན་འགྲུས་ཀྱི་ལྕག་གིས་སྐུལ་ནས་ཤེས་བྱའི་ཡི་ཐང་ཆེན་བརྒལ་བར་འབད་འབུངས་བྱེད་མགོ་བརྩམས།   སྐབས་དེ་དུས་ལ།  སྔོ་ལྗང་ལྗང་གི་སྤང་ཁུག་ཡངས་མོ་དེ་ན། གཡང་ཕྱུགས་ལ་བློ་ཁ་ཕྱོགས་པའི་རྫི་བོ་དག་གིས་རྫི་གླུ་ལེན་བཞིན་བག་ཕེབས་སྒོས་ནོར་ལུག་གི་རྗེས་སུ་སྙེག་ནས་ནོར་ལུག་འཚོ་སྐྱོང་གི་ལས་ལ་བྲེལ་འགོ་བརྩམས།  བྱ་རྒྱལ་རྒོད་པོས་ང་ཡི་བླ་རི་བརྗིད་པོ་དེ་ལ་ལྡིང་སྐོར་བྱེད་བཞིན་གདའ། དེར་མ་ཟད།   ཞོགས་པའི་བསིལ་རླུང་གིས་མེ་ཏོག་གི་དྲི་ཞིམ་གང་སར་འཐུལ་དུ་བཅུག་པ་དང་ལྷན་གཅིག་ཏུ་ནངས་སྔ་མོའི་དུད་སྤྲིན་ཡང་ཧ་ཅང་གཡའ་དག་པའི་མཁའ་དབྱིངས་སུ་འཕྱུར་དུ་བཅུག   ད་དུང་།    ངའི་དཔེ་ཀློག་གི་དབྱངས་རྟ་སྙན་མོ་འདི་ཡང་རྩྭ་ཐང་གི་གང་སར་ཁྱབ་ནས་སྐྱེ་འགྲོ་ཀུན་ལ་རིག་པའི་བློ་སྒོ་ཡངས་པོར་ཕྱེ་ཐུབ་སྙམ་པའི་ཚོར་བ་ཞིག་ངང་ངམ་ཤིག་གིས་སྟེར་ཐུབ་བོ།།

       ངས་ནམ་རྒྱུན་ཕ་ཡུལ་གྱི་ཞོགས་པ་ནི་ཧ་ཅང་ཉམས་ཐག་པར་སྙམ་མོ།  འོན་ཀྱང་། ཕ་ཡུལ་གྱི་ཞོགས་པ་ལ་གཟི་མདངས་དང་འོད་སྣང་གིས་ཁེངས་ཡོད་པ་མ་ཟད།  ཕ་ཡུལ་གྱི་ཞོགས་པ་ནི་ང་རང་ལ་མཚོན་ན་འདོད་འབྱུང་གི་དཔག་བསམ་ལྗོན་པ་ལྟར་དགོས་འདོད་ཐམས་ཅད་ཆར་དུ་བསྙིལ་ངེས་བ་ཞིག་ཡིན་ནོ།།


མཛུབ་སྟོན་དགེ་རྒན། གདུགས་དཀར་ཚེ་རིང་།

10

བྱམས་ལྡན་གྱི་ཨ་མ།

བཀྲ་ཤིས་མཚོ།   དམའ་གཅིག་འཛིན་གྲྭ་བཞི་པ།


      ང་ཡི་རྣམ་ཤེས་ཀྱི་དབང་བོ་ལ་གསོན་ཤུགས་རྒྱས་ཏེ་ཚེ་སྲོག་ཆུང་ཆུང་གི་ངུ་སྐད་རྩྭ་ཐང་ནས་གྲགས་དུས། ཨ་མ་ནི་བརྩེ་བས་ཕྱུག་པའི་རྣལ་འབྱོར་མ་ཞིག་དང་ཀུན་ནས་མཚུངས་ལ། ང་རང་མིག་གིས་འཚོས་ཤིང་སེམས་ཀྱིས་བསྐྱངས། ཉིན་མཚན་ལ་དབྱེ་བ་མེད་པར་བརྩེ་བའི་ལག་ཟུང་ང་ལ་འཐམས་ཤིང་དུངས་པའི་ལུས་དྲོད་ང་ལ་སྦྱར།

      འཇིག་རྟེན་འདིར་ང་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ནི་བྱམས་ལྡན་གྱི་ཨ་མ་ཡིན་ལ།  ཟླ་དགུ་ཞག་བཅུ་ལ་མངལ་དུ་འཁུར་ནས་བུ་མོ་ངའི་ཚེ་སྲོག་ལ་གསོན་ཤུགས་རྒྱས་སུ་བཅུག་པ་དང་།   ང་རང་ནར་སོན་གྱི་ལོ་ཟླའི་ཁྲོད་དུ་ཨ་མས་གཙང་བཙོག་ལ་མི་འཛེམ་པར་གཅིན་སྐྱག་ལག་པས་གཞབས་ཏེ། རྒྱུན་དུ་ང་རང་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟར་གཅེས་མྱོང་།  ནམ་རྒྱུན་ངའི་ཨ་མ་ནི་ང་དགའ་དུས་སྙིང་གཏམ་བཤད་ས་དང་སྡུག་དུས་སྡུག་གཏམ་གླེང་ས་ཡིན།  ཁྱེད་ཀྱིས་ནམ་རྒྱུན་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་ཁྱིམ་ཚང་འདིའི་ལས་ཀ་ཡོད་ཚད་རྒྱབ་དུ་འཁུར་ནས་ངེད་ཅག་གི་ཆེད་དུ་དབྱར་དགུན་ལ་དབྱེ་བ་མེད་པར། ཆུ་ལ་དྲོ་འཁྱགས་མེད་པར་ངའི་ཚི་དྲེག་གི་ལྭ་བ་དེ་དག་བཀྲུས་ལ།   དེར་མ་ཟད།   ཕྱི་རོལ་གྱི་ལྷགས་རླུང་ཇི་ལྟར་རྒོད་ནའང་།  བུ་མོ་ང་རང་སློབ་གྲྭར་སྐྱེལ་མ་བྱེད་པ་ཡིན་ལ། ད་ནི་དུས་ཀྱི་ཁངས་སྐྱ་འཚུབ་ཐེངས་རྒོད་པས་ཨ་མའི་མིག་མཐའི་མཆི་མ་ཡུན་གྱིས་སྐམ་སྟེ་སྐྲ་དཀར་གྱི་ཉག་མ་རླུང་གིས་ལྡེམ་ཞིང་། འཁོར་བའི་ཐང་ཆེན་ནས་བཙོན་གྲོལ་མ་ཐོབ་སྟེ། འཚོ་བའི་དྲག་ཆར་གདོང་ལ་བབས་པ་ཤིན་ཏུ་སྟུག་པས་ལུས་ཀྱི་གཙང་བོ་དར་གྱི་བཟུང་ཞིང་བཞིན་གྱི་རྣམ་པར་སེར་ཀ་ཤོར་སོང་། 

       ཨ་མ་ལགས།    ཁྱེད་ཡོད་པས།   ཕྱི་རོལ་གྱི་ལྷགས་རླུང་ཇི་ལྟར་འཚུབ་ནའང་། བུ་མོ་ངའི་སེམས་པ་དྲོ་ལ།    ཁྱེད་ཡོད་པས།   བུ་མོ་ངའི་ནང་སེམས་ཀྱི་བདེ་སྡུག་ཡོད་ཚད་ཁྱེད་ལ་གླེང་ཆོག   ནམ་ཞིག་གི་ཚེ་བུ་མོ་ངས་ཁྱེད་ལ་ལྷགས་རླུང་ཁྲོད་འདུར་རྒྱུག་བྱེད་མི་དགོས་བའི་ལོངས་སྤྱོད་ཅིག་དང་ཁྱེད་ཀྱི་འཛུམ་ལ་ལང་ཚོའི་གསོན་ཉམས་ཤིག་ཤར་དུ་འཇུག་ངེས་ཁོ་ཐག་ཡིན། 


མཛུབ་སྟོན་དགེ་རྒན། གདུགས་དཀར་ཚེ་རིང་།


11

དྲིན་ཆེན་གྱི་ཨ་མ།

དབྱངས་ཅན་མཚོ།    དམའ་གཅིག་འཛིན་གྲྭ་བདུན་པ།


        འཇིག་རྟེན་འདིར་འཚོ་བའི་མི་སུ་དང་གང་ཞིག་ཡིན་ཀྱང་། སེམས་སུ་བཀའ་དྲིན་དྲན་ཞིང་དྲིན་ལན་འཇལ་དགོས་པ་ནི་རང་ཉིད་ལ་ཚེ་སྲོག་སྦྱིན་མཁན་རླབས་ཆེན་གྱི་མ་ཡུམ་ལགས་ཡིན་ཏེ། ང་རང་ཆེས་ཐོག་མར་ཆ་མེད་རྒྱུས་མེད་ཀྱི་འཇིག་རྟེན་མི་ཡུལ་འདིར་ཐོག་མའི་ངུ་ངག་གི་དབྱངས་རྟ་འཐོར་དུས། ང་ནི་ཅི་ཡང་སྨྲ་མི་ཤེས་པའི་ལྐུགས་པ་ཞིག་དང་གང་ཡང་ངོ་མི་ཤེས་པའི་མི་ཡུལ་གྱི་འཁྱམ་པོ་ཞིག་དང་མཚུངས་ཏེ།  ཨ་མས་ཟླ་དགུ་ཞག་བཅུར་མངལ་དུ་སྦྲུམ་ནས་ང་རང་མི་ཡུལ་གྱི་འཇིག་རྟེན་འདིར་ཐོག་མར་བསུས་པར་མ་ཟད། དུས་དེ་ནས་བཟུང་མོས་ཉིན་མོའི་ཟས་དང་མཚན་མོའི་གཉིད་བཅག་ནས་ང་ལ་གཉོར་སྐྱོང་དང་བདག་སྐྱོང་གང་ལེགས་བྱས་པ་དུས་དང་རྣམ་པ་ཀུན་ཏུ་ངའི་སེམས་ཀྱི་དྲན་པའི་ངོས་སུ་གསལ་ལྷང་ངེར་འཆར་གྱིན་འདུག་ལ། དེ་མིན་མོས་ཟས་ཁམ་གང་ཡོད་ཀྱང་ང་ལ་བྱིན། གོས་གང་ཡག་ཡོད་ན་ང་ལ་བསྐོན་ནས་ནར་སོན་དུ་བཅུག་ལ། ནམ་ཀུན་སློབ་གསོ་ནན་མོ་གཏོང་ཞོར་དུ་གཤིས་འཇམ་སྤྱོད་བཟང་གི་མི་ཞིག་བྱ་རྒྱུ་ནི་ཨ་མ་ངའི་སེམས་ཀྱི་རེ་བ་ཉག་གཅིག་དང་མགོ་ཡི་རལ་བ་དུམ་གཅིག་ཡིན་ཞེས་ཁ་ཏ་སློབ་གསོ་མང་པོ་ཞིག་ཡང་དང་ཡང་དུ་བཏང་མྱོང་བས། ཨ་མ་ནི་ཁྱིམ་འདིའི་དོན་གང་ཡོད་ཀྱི་ཐོག་མཐའ་བར་གསུམ་དུ་ལས་དཀའ་སླ་གང་ལ་འཕྲད་ཀྱང་མགོ་བོ་མི་སྒུར་བའི་སྙིང་སྟོབས་ཅན་དང་འཁང་ར་དང་ཕྲག་དོག་མེད་པའི་སེམས་དཔའ་ཆེན་པོ་ཞིག་ཡིན་པས། ཁོ་མོ་ནི་ངའི་སེམས་ཀྱི་དད་འདུན་དང་མོས་གུས་བྱེད་ས་གཅིག་པུ་དེའོ།།

མོ་ནི་སྤྱིར་བཏང་གི་བུད་མེད་ཕལ་བ་ཞིག་ཡིན་ཏེ། ཡི་གེའི་ཀ་ངོ་ཙམ་ཡང་མི་ཆོད་ཀྱང་མོའི་སེམས་སུ་ང་རང་རེ་སྨོན་བཅངས་ས་གཅིག་པུ་ཡིན་པ་དང་། ཨ་མའི་གཤིས་རྒྱུད་ནི་བལ་དཀར་དར་ལས་འཇམ་ཞིང་ཀུན་ལ་ཉེ་རིང་མེད་ཅིང་ལྷག་བསམ་དང་གཞན་ལ་ཕན་པའི་བརྩེ་བ་ནི་ཆེས་སྤྱིར་བཏང་བ་ཞིག་གཏན་ནས་མིན་པས། མི་ཚེ་འདིར་ངས་ཨ་མའི་སྤྱོད་བཟང་དང་གཞུང་དྲང་གི་མི་གཤིས་ལ་སློབ་སྦྱོང་ངམ་མིག་དཔེར་བཟུང་ནས་རང་ཉིད་ཡང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་བྱེད་རྒྱུར་ཅིས་ཀྱང་འབད་ངེས་སོ།།


མཛུབ་སྟོན་དགེ་རྒན།  ཀླུ་རྒྱལ་འབུམ།


གཙོ་སྒྲུབ།    རྩེ་ཁོག་རྫོང་ནུབ་ཁུལ་མི་རིགས་སློབ་འབྲིང་།

བློ་འདོན་པ།  སྟག་འབུམ་རྒྱལ།

གཙོ་སྒྲིག་པ།  སྙན་བཟང་པདྨ་རིན་ཆེན།




编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
搜索框
中国现代教育网 教育部 不良信息
垃圾信息 网警110
泽库县西部民族中学版权所有中华人民共和国电信经营许可证 京ICP备13002626号-8
联系地址:宁秀乡
联系电话:17397039994
京公网安备11010502032087
现代教育网 提供技术支持 违法和不良信息举报中心
Copyright 2006-2020 xbmz.30edu.com.cn , All Rights Reserved
江苏省泰兴市老叶小学 安陆市雷公镇初级中学 普兰店区丰荣中心小学 保德县实验小学 庄河市塔岭镇中心小学 黑龙江省八五八农场子弟校 安陆市实验小学 山东省东平县佛山中学 神木市第四中学 普兰店区墨盘乡中心小学 泽库县西部民族中学 鄄城县第一中学 太康县城关镇建南小学 五寨县孙家坪中心小学 五寨县教育科技局 五寨县前所中心小学 五寨县第四中学 连南县民族高级中学 本溪县草河掌镇中心学校 惠安县教师进修学校