第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > ༼སྒྲུང་རིང་དཔེ་ཚོགས༽ཁག་གཉིས་པ་པར་སྐྲུན་འགྲེམ་སྤེལ་བྱས།

༼སྒྲུང་རིང་དཔེ་ཚོགས༽ཁག་གཉིས་པ་པར་སྐྲུན་འགྲེམ་སྤེལ་བྱས།

2019年12月18日 11:56:46 访问量:56


 ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《སྒྲུང་རིང་དཔེ་ཚོགས》ཁག་གཉིས་པ་པར་སྐྲུན་འགྲེམ་སྤེལ་བྱས།

《སྒྲུང་རིང་དཔེ་ཚོགས》ཁག་གཉིས་པ་ནི་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི《མར་མེ་ཚེ་འབར》དང་། ཅོ་ནེ་ཡུམ་ཚེ་རིང་གི《སྤྲིན་གྱི་རྫི་བོ》 བདེ་སྐྱིད་སྒྲོལ་མའི《འབྲོག་རུའི་རྒྱང་འབོད》 རང་སྒྲའི《འཇའ་ཚོན་གྱིས་འཁྱུད་པའི་བརྩེ་བ》 བུ་ཚེ་རིང་རྒན་པའི《ཚེ་གང་གི་ལས་འཕྲོ》བཅས་དཔེ་དེབ་ལྔས་གྲུབ་ཡོད།

སྒྲུང་རིང་གསར་རྩོམ་གྱི་གྲུབ་འབྲས་ཀྱིས་ཚད་ངེས་ཅན་ཞིག་གི་སྟེང་ནས་མི་རིགས་ཤིག་གི་རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་མཚོན་བཞིན་ཡོད་པས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་སྒྲུང་རིང་གསར་རྩོམ་ཡར་རྒྱས་གོང་འཕེལ་ཡོང་བར་དམིགས་ཏེ། 2016ལོར《སྒྲུང་རིང་དཔེ་ཚོགས》ཁག་དང་པོ་སྟེ་ཚེ་རིང་དོན་གྲུབ་ཀྱི《ང་ཡི་ཨ་ཕ་གཉིས》དང་། གངས་སྨྱོན་གྱི《དྲེལ་ལུང》 བུ་ཚེ་རིང་རྒན་པའི《ཆུ་མིག་དགུ་སྒྲིལ》 བསྟན་པ་ཡར་རྒྱས་ཀྱི《ཁ་སང་གི་ཚོ་བ》 སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི《མར་ངོའི་ཟླ་བ》བཅས་ཇུས་འགོད་དང་པར་སྐྲུན་བྱས། དཔེ་ཚོགས་འདི་པར་སྐྲུན་འགྲེམ་སྤེལ་བྱས་རྗེས་བོད་ཀྱི་རྩོམ་སྟེགས་སུ་གདེང་འཇོག་ཚད་མཐོན་པོ་གནང་ཞིང་ཀློག་པ་པོས་དགའ་བསུ་ཚད་མེད་ཐོབ་ཅིང་། དཔེ་ཚོགས་འདི་སྐབས་གསུམ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་དཔེ་དེབ་བརྒྱ་འོས་སྦྱོར་བྱས་པའི་གྲས་སུ་ཚུད་པ་དང་། 《ཆུ་མིག་དགུ་སྒྲིལ》ནི་ཀྲུང་གོའི་རིག་རྩལ་སྤུས་ལེགས་བརྩམས་ཆོས་དཔེ་སྐྲུན་བཟོ་སྐྲུན་ཁྲོད་དུ་བདམས། 《ཁ་སང་གི་ཚོ་བ》ལ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི“རྟ་མཆོག་བྱ་དགའ”ཐོབ།

《སྒྲུང་རིང་དཔེ་ཚོགས》ཁག་གཉིས་པ་ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པའི”གལ་ཆེའི་པར་སྐྲུན་འཆར་འགོད་ལས་གཞི་དང་མི་རིགས་ཡིག་རིགས་པར་སྐྲུན་ཆེད་དངུལ་རོགས་སྐྱོར་ལས་གཞིའི་གྲས་སུ་བཞག་ནས་པར་སྐྲུན་བྱས་པ་ཡིན་ནོ། །


《མར་མེ་ཚེ་འབར》  ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་བརྩམས།

སྒྲུང་རིང་འདིའི་མི་སྣ་གཙོ་བོ་གངས་ལྷ་མེ་ཏོག་གི་ཨ་ཕ་འཇིགས་མེད་རབ་བརྟན་ནི་ཤར་ལུང་ཚོ་དྲུག་ས་ཆར་མངགས་ཡོང་བའི་ཤེས་ལྡན་མི་སྣ་ཞིག་ཡིན། ཆུང་མ་ཆོས་འཛིན་སྒྲོལ་མ་གཞན་དབང་གིས་འདས་པས།   ཁོས་སློབ་གྲྭ་གསར་འཛུགས་དང་བུ་མོ་སྙོར་སྐྱོང་སོགས་ཀྱི་ཐད་དཀའ་ལས་མང་པོ་བརྒྱབ།   དུས་ཕྱིས་སུ་གངས་ལྷ་མེ་ཏོག་ཁུལ་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་པར།   ཨ་ཕའི་རེ་བ་ལྟར་ཤར་ལུང་ཚོ་དྲུག་སློབ་ཆུང་དུ་ཡོང་ནས་དགེ་རྒན་དང་སློབ་གཙོ་ཡི་འགན་གཅིག་ལྕོགས་སུ་ཁུར་ནས་སློབ་གསོའི་རྒྱུན་བསྐྱངས།    དམངས་སྒྲུབ་དགེ་རྒན་ནང་ཆེས་ཕུལ་དུ་ཕྱིན་པ་ནི་མོའི་ཆུང་དུས་ཀྱི་རྩེ་རོགས་བརྩོན་འགྲུས་རྒྱ་མཚོ་རེད།   ཁོར་མཚོན་ན་སློབ་སྦྱོང་ཐད་བརྩོན་འགྲུས་ཆེ་བས།    སློབ་ཁྲིད་ཀྱི་ཞོར་དུ་རྒྱ་ཡིག་དང་བོད་ཡིག   རྩིས་རིག་བཅས་ལྷོད་མེད་དུ་སྦྱངས་ཤིང་།   སློབ་གཙོ་ལ་ཕྱོགས་གང་ཐད་ནས་རོགས་རམ་བྱས་པས་རིམ་གྱིས་ཁོ་གཉིས་ཀྱི་བར་བརྩེ་དུངས་ཆགས།    ལོ་འགའི་རྗེས་སུ་བརྩོན་འགྲུས་རྒྱ་མཚོའི་བསམ་ཐོག་ལ་རྟ་བརྒྱུགས་པ་བྱུང་ནས་ནུབ་བྱང་མི་རིགས་སློབ་གླིང་གི་སྒོ་ཐེམ་འགྲིམས།   ཁོ་ནི་སློབ་འབྲས་བཟང་ཐོག་ལྒང་ལི་རྩེ་བར་མཁས་པར་བརྟེན།   ཅང་མ་འགོར་བར་སློབ་གླིང་གི་དགེ་སློབ་ཡོངས་ཀྱི་སེམས་དབུས་ཀྱི་སྐར་ཆེན་དུ་གྱུར།   དེ་ལས་ཀྱང་སྡེ་ཁག་གི་ཀྲུའུ་རེན་གྱི་བུ་མོ་ཡེ་ཤེས་ལྷ་མོའི་སེམས་པ་ཁོའི་སྟེང་དུ་ཤོར་བ་དང་འབྲེལ་ཏེ།   དགའ་རོགས་མ་སྔོན་མའི་བར་གྱི་བརྩེ་དུངས་ཐད་བསླད་ཞུགས་པ་བྱུང་ལ།   སེམས་ཀྱི་འགལ་འདུ་སྣ་ཚོགས་བརྒྱུད་མཐར་ཡེ་ཤེས་ལྷ་མོའི་དུངས་པ་དང་ལེན་གྱིས་དེ་གའི་སློབ་གླིང་གི་དགེ་རྒན་དུ་བསྡད།   དུས་ཡུན་ཟླ་འགའ་ལས་མ་འགོར་བར།  གངས་ལྷ་མེ་ཏོག་གིས་ཆུ་ལོག་གི་ཁ་ནས་སློབ་མ་གཉིས་སྐྱོབ་དུས་སྟབས་མ་ལེགས་པར་རང་སྲོག་ཤོར།  དོན་རྐྱེན་ངན་པ་དེ་བྱུང་བར་བརྩོན་འགྲུས་རྒྱ་མཚོ་ནི་གློ་བུར་སྡུག་གི་མུན་དོང་དུ་ལྷུང་བ་ལ།   སློབ་གླིང་དང་འབྲལ་བའི་སེམས་ཐག་གཙང་བཅད་ཀྱིས་ཕྱིར་ཕ་ཡུལ་དུ་སླེབས་ཤིང་།    ཤར་ལུང་ཚོ་དྲུག་སློབ་ཆུང་གི་སློབ་གཙོའི་འགན་ཁུར་ཕྲག་ལ་བླངས་འཕྲལ།  འདས་མོ་གངས་ལྷ་མེ་ཏོག་གི་ཞབས་རྗེས་འབྲངས་ཏེ་མོའི་ལས་འཕྲོ་བསྐྱངས་པར་བྱས་སོ། །

ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ནི1967ལོར་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་སྐེ་བ་ས་ཆར་སྐྱེས།   1990ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་མཐར་ཕྱིན་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་བགོ་བྱས་ལ།   ད་ལྟ་ལས་ཁུངས་དེའི་མི་རིགས་རིག་རྩལ་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་གཞོན་པ་དང་།  《སྦྲང་ཆར》དུས་དེབ་ཀྱི་རྒྱུན་ལས་གཙོ་སྒྲིག་གཞོན་པའི་འགན་གཅིག་ལྕོགས་སུ་འཁུར་ཡོད།   1988ལོ་ནས་གསར་རྩོམ་གྱི་མགོ་བརྩམས་ཏེ་རྩོམ་ལུས་མི་གཅིག་པའི་བརྩམས་ཆོས་བརྒྱ་ལྷག་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སོ་སོའི་སྟེང་དུ་བཀོད།   བརྩམས་ཆོས་གཙོ་བོར་སྒྲུང་གཏམ་ཕྱོགས་བསྒྲིགས《སྟོན་གྱི་རང་སྒྲ》དང《བློ་མང་དོན་གྲུབ》   སྒྲུང་རིང《མར་མེ་ཚེ་འབར》སོགས་ཡོད་ཅིང་།   བསྒྱུར་རྩོམ་དེབ་ལ《དུས་རྒྱུན་གྱི་འཚོ་བ》སོགས་འདུག   སྔ་ཕྱིར་སྐབས་དང་པོ་དང་སྐབས་བརྒྱད་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”དང་།   སྐབས་བདུན་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག“རྟ་མཆོག་བྱ་དགའ།”  སྐབས་གཉིས་པའི་རྒྱལ་ཡོངས“གངས་རྒྱན་རྟགས་མ”ཡི་རྩོམ་རིག་གསར་རྩོམ་བྱ་དགའ།   སྐབས་ལྔ་པའི་རྒྱལ་ཡོངས་དེང་རབས་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་དང་གསར་རྩོམ་བྱ་དགའ།   མཚོ་སྔོན་ཞིང་ཆེན་སྐབས་བཞི་པའི་རྩོམ་རིག་སྒྱུ་རྩལ་གསར་རྩོམ་བྱ་དགའ་དང་སྐབས་གཉིས་པའི་ན་གཞོན་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་།   ཁོ་ནི་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་།   མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།   ཞིང་ཆེན་མི་རིགས་རྩོམ་རིག་ཡིག་སྒྱུར་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་ཡིན།


《སྤྲིན་གྱི་རྫི་བོ》  ཅོ་ནེ་ཡུམ་ཚེ་རིང་གིས་བརྩམས།

སྒྲུང་རིང་འདིའི་ནང་གི་མི་སྣ་ཆུང་ཆུང་བཀྲ་ཤིས་ནི་བོད་ཡུལ་མདོ་སྨད་ས་ཆའི་མཐའ་མཚམས་ཀྱི་རོང་མ་འབྲོག་གི་ཁྱིམ་ཚང་ཞིག་ནས་སྐྱེས་ལ།ཁོ་ནི་བློ་རིག་གསལ་ཞིང་སྤྱང་གྲུང་ལྡན་པའི་བྱིས་པ་ཞིག་ཡིན་པས།ཆུང་དུས་ནས་སློབ་གྲྭར་འགྲོ་བའི་འདུན་པ་དྲག་པོ་ཡོད་མོད།འོན་ཀྱང་སྐབས་དེའི་འཚོ་བའི་ཆ་རྐྱེན་གྱི་དབང་གིས་ཁྱིམ་ཚང་རེ་ནས་བྱིས་པ་རེ་རེ་སློབ་གྲྭར་འགྲོ་བའི་གོ་སྐབས་ཡོད་པ་མ་ཡིན།བཀྲ་ཤིས་ཀྱི་ཨ་ཕས་ཁོ་ལ་ལོ་གཅིག་གི་རིང་ཕུ་བོ་ཟླ་བར་ལུག་འཚོ་རོགས་བྱས་ཏེ།ལུག་ཁྱུ་ལ་གྱོང་གུད་མ་རེག་ཚེ་ཕྱི་ལོ་སློབ་གྲྭར་སྐྱེལ་བར་ཁས་བླངས།བཀྲ་ཤིས་ཀྱིས་ཨ་ཕ་དང་ཁོ་གཉིས་བར་གྱི་ཁ་དན་དེ་མངོན་འགྱུར་ཡོང་ཆེད་ཕ་མ་གཉིས་དང་རིང་དུ་བྲལ་ནས་གཞན་སྡེ་མཁར་ཆེན་ལུང་བ་རུ་ཕུ་བོ་ཟླ་བ་ལ་ལུག་འཚོ་རོགས་བྱས།བཀྲ་ཤིས་སློབ་གྲྭར་འགྲོ་བའི་དོན་དག་འདིའི་ཐད་ནས་བཀག་རྒྱ་གཞན་ཞིག་ཡོད་པ་ནི་ཁྱིམ་མི་ཡོངས་ཀྱིས་གཙུག་གི་ནོར་བུ་བཞིན་བཀུར་བའི་ཨ་ཁུ་ཆེ་བས་ཁོ་རང་རབ་དུ་བྱུང་ནས་རང་གི“གྲྭ་རྒྱུན”བསྐྱང་ན་འདོད་ལ།རྒྱུ་སྟོབས་ཡོད་རུང་བུ་ཕྲུག་མེད་པའི་ཨ་ཁུ་ཆུང་བས་ཁོ་རང་བུ་སྐལ་དུ་བསླངས་ནས་འཁོར་འཛིན་བྱེད་པའི་རེ་བ་བཅངས་ཡོད་པ་དེའོ། །གནས་ཚུལ་འདི་འདྲའི་འོག་ནས་བཀྲ་ཤིས་ཀྱིས་ཨ་ཕ་དང་ཁོ་གཉིས་བར་གྱི་ཁ་དན་གྱི་ཆེད་དུ་ཧུར་བརྩོན་བྱེད་དགོས་པར་མ་ཟད།ད་དུང་ཨ་ཁུ་ཆེ་བ་དང་ཨ་ཁུ་ཆུང་བའི“འཐེན་ཁྱེར”ལ་ངོ་རྒོལ་བྱེད་དགོས་པས།ལོ་ན་ཆུང་བའི་བཀྲ་ཤིས་ཀྱིས་ལོ་འཁོར་གཅིག་གི་ནང་བསམ་ཡུལ་ལས་འདས་པའི་བར་ཆད་དང་དཀའ་ཁག་མང་པོ་མྱངས།ཡིན་ན་ཡང་ཁོའི་སློབ་གྲྭར་འགྲོ་བའི་ཕུགས་བསམ་ལ་གཡོ་འགུལ་ཐེབས་མྱོང་མེད་པས།མཇུག་མཐར་ཨ་ཕ་དང་ཁོ་གཉིས་བར་གྱི་ཁ་དན་མངོན་འགྱུར་བྱུང་བ་མ་ཟད་ཨ་ཁུ་གཉིས་ཀྱི“བཀག་འགོག”ལས་ཐར་ནས་སློབ་གྲྭར་འགྲོ་བའི་ཕུགས་བསམ་མངོན་འགྱུར་བྱུང་།

ཅོ་ནེ་ཡུམ་ཚེ་རིང་ནི1977ལོའི་ཟླ3པའི་ཚེས18ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཆས་པའི་གཤིས་ནས་སྐྱེས། སྔ་གཞུག་ཏུ་ལྷོ་ནུབ་མི་རིགས་སློབ་ཆེན་ནས་སྐད་བརྡ་རིག་པའི་ཤེས་རམས་པ་དང་སི་ཁྲོན་སློབ་ཆེན་ནས་མཚན་ཉིད་རིག་པའི་འབུམ་རམས་པའི་ཆེད་ལས་སོགས་སྦྱངས་ཏེ་སློབ་མཐར་ཕྱིན། 1996ལོ་ནས་གསར་རྩོམ་གྱི་ལམ་དུ་ཞུགས་ཤིང་།ད་ལྟའི་བར་དུ་བོད་རྒྱ་སྐད་རིགས་གཉིས་ཀྱི་ལམ་ནས་རིག་གཞུང་དཔྱད་རྩོམ་མང་པོ《ཆོས་ལུགས་རིག་པ་ཞིབ་འཇུག》དང《ཀྲུང་གོའི་བོད་རིག་པ》སོགས་རིག་གཞུང་དུས་དེབ་རྩེ་གྲས་སྟེང་བཀོད་ཟིན་ལ། རྩོམ་རིག་བརྩམས་ཆོས་མང་པོ《སྦྲང་ཆར》《ཏཱ་ཅ》སོགས་རྩོམ་རིག་དུས་དེབ་ཀྱི་སྟེང་བཀོད།སྔ་གཞུག་ཏུ་བོད་ཡིག་སྒྲུང་གཏམ་གཅེས་བཏུས《སྡོམ་པ་སྲུང་བ》དང《གཟན་ཤམ་གྱོན་པའི་གཡག་རྭ》 ལྷུག་རྩོམ་གཅེས་བསྡུས་དེབ《ཁང་རྙིང》 བོད་རྒྱ་སྐད་གཉིས་ཀྱི་སྒྲུང་རིང《སྤྲིན་གྱི་རྫི་བོ》དང་རྒྱ་ཡིག་གི་འབུམ་རམས་པའི་དཔྱད་རྩོམ《བོད་ཀྱི་སྲོལ་རྒྱུན་རབ་རྟོག་སྒྲུང་གཏམ་ལ་དཔྱད་པ》སོགས་པར་སྐྲུན་འགྲེམ་སྤེལ་བྱས།དེ་དག་ལས་བརྩམས་ཆོས་སྐོར་ཞིག《རྒྱལ་ཡོངས་སྒྲུང་གཏམ་འབྲིང་བ་འདེམ་སྒྲིག》སོགས་སུ་བདམས་ཟིན་ལ། 《གངས་ཅན་པ》སོགས་གླུ་ཚིག་བརྒྱ་ཕྲག་བྲིས་ཡོད་པས། བོད་ཀྱི་གླུ་ཚིག་སྒྱུ་རྩལ་ལ་བྱས་རྗེས་མི་དམན་པ་བཞག་ཡོད། དེ་མིན་ཁོང་ལ2007ལོར་སྐབས་ལྔ་པའི་སྦྲང་ཆར་སྨྱུག་གསར་བྱ་དགའ་ཐོབ། 2008ལོར་སྐབས་དགུ་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་ཆེས་མཐོའི་བྱ་དགའ་སྟེ་རྟ་མཆོག་བྱ་དགའ་ཐོབ། 2015ལོར་སྐབས་གསུམ་པའི་རྒྱལ་ཡོངས་གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ་སོགས་ཐོབ། ད་ལྟ་ཁོང་གིས་སི་ཁྲོན་རླུང་བརྙན་འཕྲིན་ཁང་གི་ཞུས་ཆེན་ལོ་ཙཱ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གདན་ཞུའི་དགེ་རྒན་གྱི་འགན་ཁུར་ཡོད་ལ། སི་ཁྲོན་སློབ་ཆེན་གྱི་རྩོམ་རིག་སློབ་གླིང་དུ་ཀྲུང་གོའི་དེང་རབས་དང་ད་ལྟའི་རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པ་ཕྱི་མར་སློབ་གཉེར་བྱེད་བཞིན་ཡོད།


《འབྲོག་རུའི་རྒྱང་འབོད》  བདེ་སྐྱིད་སྒྲོལ་མས་བརྩམས།

《འབྲོག་རུའི་རྒྱང་འབོད》ནི་མདོ་དབུས་མཐོ་སྒང་གི་འབྲོག་རུའི་འཚོ་བ་བརྗོད་བྱར་བྱས་པའི་སྒྲུང་རིང་ཞིག་ཡིན། སྒྲུང་གཏམ་ནང་གི་སྐྱེས་མའི་མི་སྣ་གཙོ་བོ་འཁྲུལ་སྣང་གིས་ཐག་རིང་དུ་གནས་ལ་སོང་སྟེ་ལོ་འཁོར་ཧྲིལ་བོ་གཅིག་གི་དབྱར་དགུན་སྟོན་དཔྱིད་དུ་མཐོང་ཐོས་དྲན་རེག་ཏུ་བྱུང་བ་ཀུན་རྒྱས་སྤྲོས་བྱས་པ་བརྒྱུད་དེ།  འབྲོག་མིའི་དམངས་ཁྲོད་གོམས་སྲོལ་དང་།  ཁོ་ཚོའི་རང་བྱུང་ཁམས་དང་སྒོ་ཟོག་ལ་བཟུང་བའི་བརྩེ་ཞེན།  ལྷད་མེད་དག་གཙང་གི་དད་སེམས།  རོལ་དབྱངས་དང་སྒྱུ་རྩལ་སོགས་འཇིག་རྟེན་དཀར་ངོགས་ཀྱི་མཛེས་སྡུག་བྱ་དངོས་དག་ལ་བཟུང་བའི་དགའ་སྣང་།  ཁོ་ཚོའི་སྤྲོ་དགའ་དང་སྐྱོ་གདུང་། རེ་འདུན་བཅས་རེ་རེ་བཞིན་དངོས་བྲིས་ཞིབ་འབྲི་བྱས་ཡོད། རྩོམ་པ་པོས་མི་སྒེར་གྱི་འཚོ་བའི་ཉམས་མྱོང་དམར་རྗེན་གྱིས་སྤྱི་ཚོགས་རྙིང་བའི་བོད་ཁུལ་དུ་འཚོ་གནས་ཁོར་ཡུག་བདེ་འཇགས་ཡོང་ཐབས་དཀའ་ལ་བཟའ་ཚང་གཉེན་སྒྲིག་གི་འཚོ་བ་དང་ཕོ་མོའི་འབྲེལ་བའི་རྙོག་འཛིང་སྐོར་ཐེར་འདོན་གང་ལེགས་བྱས་ཏེ།  སྤྱི་ཚོགས་གསར་རྙིང་འཕོ་འགྱུར་ཁྲོད་ཀྱི་འདྲ་མིན་ཁྱད་པར་སྣ་ཚོགས་ལ་དབྱེ་བསྡུར་གསལ་བོ་བྱས་པའི་དུས་མཚུངས་སུ།  དུས་རབས་གསར་བའི་བདེ་སྐྱིད་འཚོ་བར་ཡང་བསྟོད་གླུ་གྱེར་ཡོད།

བདེ་སྐྱིད་སྒྲོལ་མ་ནི་ལོ་རབས་དྲུག་ཅུ་པར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་དུ་སྐྱེས་ཤིང་།  ལོ་རབས་དགུ་བཅུ་པར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྡེ་ཁག་བོད་ཡིག་རྩོམ་རིག་གི་དངོས་གཞི་ལས་མཐར་ཕྱིན། ཕ་ཡུལ་དུ་སྔ་གཞུག་སློབ་འབྲིང་དགེ་རྒན་དང་། དྲུང་ཡིག་ལོ་ཙཱ་བ། གཞི་རིམ་སྲིད་འཛིན་སོགས་བྱ་བའི་ལས་གནས་སྟེང་བསྡད་མྱོང་། ཁོ་མོས་ལས་ཞོར་དུ་སྙན་ངག་དེབ《སྙན་ངག་གི་མིག་ཆུ》དང་།  《རྩྭ་ཐང་གི་བརྩེ་བ》《བྱུར་དམར་འཁྲི་ཤིང》《བདེ་སྐྱིད་སྒྲོལ་མའི་སྙན་ངག་གཅེས་བཏུས》)རྒྱ་ཡིག)ལྷུག་རྩོམ་དེབ《ཆར་ཟམ་ཟིམ། སྨུག་ལང་ལོང》དང་།  《ཨ་མའི་ལག་པ》  སྒྲུང་རིང་དེབ《འབྲོག་རུའི་རྒྱང་འབོད》བཅས་པར་སྐྲུན་བྱས་ཡོད།  བརྩམས་ཆོས་ཁ་ཤས་སློབ་གྲྭ་ཆེ་འབྲིང་གི་སློབ་དེབ་ཏུ་བདམས་ཡོད་ལ།  རྒྱ་དང་སོག་པོ། དབྱིན་ཇི། ཧྥ་རན་སི། འཇར་པན་སོགས་ཀྱི་ཡི་གེར་བསྒྱུར་མྱོང་།    མཚོ་སྔོན་ཞིང་ཆེན་སྐབས་བདུན་པའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་དང་།  སྐབས་དྲུག་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་།  ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི་དང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། 《རང་གྲོལ》དུས་དེབ་གཙོ་སྒྲིག་པ་བཅས་ཀྱི་འགན་ཁུར་བཞིན་ཡོད། 


《འཇའ་ཚོན་གྱིས་འཁྱུད་པའི་བརྩེ་བ》  རང་སྒྲས་བརྩམས།

དེབ་འདི་ནི་བོད་ཀྱི་སྲོལ་རྒྱུན་ཚིགས་བཅད་ཁོ་ནས་གྲུབ་པའི་སྒྲུང་རིང་ཞིག་ཡིན་ཅིང་། འདི་ལ་ཤོ་ལོ་ཀ་ཉིས་སྟོང་ལྔ་བརྒྱར་ཉེ་བ་དང་ཚིག་རྐང་ཆིག་ཁྲི་ལ་སོན་ཙམ་ཡོད་པས་བོད་ཀྱི་དེང་རབས་སྒྲུང་རིང་ཁྲོད་ཚིགས་བཅད་ཀྱི་སྒྲུང་རིང་ཐོག་མ་ཡིན། སྒྲུང་གཏམ་འདིར་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་བུ་མོ་སྐལ་བཟང་སྒྲོལ་མ་དང་། མི་རིགས་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་ཏེ་རྩྭ་ཐང་དེར་དགེ་རྒན་གྱི་བྱ་བ་གཉེར་དུ་སླེབས་པའི་གཞོན་ནུ་སྐལ་བཟང་རྒྱ་མཚོ་གཉིས་ཀྱི་ཀྱག་ཀྱོག་གི་བརྩེ་དུང་བྲིས་པ་བརྒྱུད་དེ། མི་དང་མིའི་བར་གྱི་བླ་ན་མེད་ཅིང་རིན་ཐང་ཆེ་བའི་བརྩེ་བ་དེ་གཏམ་རྒྱུད་ཀྱི་འགྲོས་དང་བསྟུན་ཏེ་མངོན་པར་མཚོན་ཡོད། སྒྲུང་རིང་འདིར་རྩྭ་ཐང་གི་འཚོ་བ་དང་། སློབ་རའི་འཚོ་བ། དགོན་སྡེའི་འཚོ་བ། གྲོང་ཁྱེར་གྱི་འཚོ་བ། འགྲུལ་བཞུད་ཀྱི་འཚོ་བ་བཅས་རྐྱ་སྒྲིལ་ཅིང་། བོད་ཀྱི་མི་ཆོས་དང་། ཡུལ་སྲོལ། རིག་གནས་བཅས་ཀྱང་གོ་སླ་བའི་ཚིགས་བཅད་ཀྱི་ལམ་ནས་བསྟན་ཡོད་པས་རིག་གནས་སྒྲུང་གཏམ་གྱི་གྲུབ་ཆ་མང་པོ་ཞིག་ཀྱང་ཟིན་ཡོད།

རང་སྒྲ། སྤྱི་ལོ1964ལོར་མདོ་སྨད་འབའ་རྫོང་ཁ་སྒང་དུ་སྐྱེས། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། སྒྲུང་གཏམ་ཕྱོགས་བསྒྲིགས《གངས་འདབས་ཀྱི་གཏམ་རྒྱུད》དང་། སྒྲུང་འབྲིང་ཕྱོགས་བསྒྲིགས《ཕལ་བའི་མི་ཚེ》 ལོ་རྒྱུས་སྒྲུང་རིང《ཐོན་མི་སམྦྷོ་ཊ》སོགས་རྩོམ་རིག་བརྩམས་ཆོས་དང་། 《བོད་ཀྱི་དགོན་སྡེའི་རིག་གནས་སྤྱི་བཤད་མེ་ཏོག་ཕྲེང་བ》 《འབའ་གཞུང་ལོ་རྒྱུས་མེས་པོའི་ཞལ་ལུང》 《རྩོམ་རིག•གསར་རྩོམ•དཔྱད་བརྗོད》སོགས་ཆེད་རྩོམ་དཔེ་སྐྲུན་ཞུས་ཡོད། སྦྲང་ཆར་རྩོམ་རིག་བྱ་དགའ་དང་། གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ། ཏུང་ལི་པེ་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་། ད་ལྟ《བོད་ཀྱི་དམངས་སྲོལ་རིག་གནས》རྩོམ་སྒྲིག་ཁང་དུ་ལས་ཀ་གཉེར་མུས་སུ་ཡོད།


《ཚེ་གང་གི་ལས་འཕྲོ》  བུ་ཚེ་རིང་རྒན་པས་བརྩམས།

སྒྲུང་རིང་འདིའི་ནང་དུ། ཤེས་རབ་དང་ཁོ་པའི་བཟའ་ཟླ་མཚོ་སྐྱིད་གཉིས་མི་ལོ་བཅུ་ལྷག་ཙམ་མི་ཚེ་མཉམ་དུ་བསྐྱལ་ཞིང་། སློབ་ཆུང་འགྲིམ་པའི་ཕྲུ་གུ་གཉིས་གསོ་སྐྱོང་བྱས་མོད། སྤྱི་ཚོགས་དང་འཚོ་བར་འཕོ་འགྱུར་སོང་བ་དང་བསྟུན་ཤེས་རབ་ཀྱི་སེམས་ནང་ག་དུས་ཡིན་ཡང་རང་གི་ཆུང་མ་མི་མཛེས་དང་རང་གཤིས་འཇམ་པོ་མེད་པར་སྙམ། དེ་ལྟའི་སེམས་ཀྱི་སྟོང་ཆ་འགེངས་ཆེད། སྤྱི་ཚོགས་ཐོག་བསྐྱོད་མ་ཐག་པའི་ན་ཆུང་མ་ཀུན་བཟང་ཤེས་རབ་ཟུར་བཟར་གྱུར། ཐོག་མར་ཤེས་རབ་ལ་དགའ་སྣང་དང་སྤྲོ་སྣང་ངམ་བདེ་སྐྱིད་ལྡན་པའི་ཚོར་བ་ཞིག་བྱུང་མོད། གནས་ཚུལ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན། ཤེས་རབ་དང་ཀུན་བཟང་དེ་བཞིན་ཕྱོགས་སོ་སོའི་ཕ་མ་སྤུན་མཆེད་དང་བཟའ་ཟླ་བུ་ཕྲུག་སོགས་ལ་ཕོག་ཐུག་ཆེན་པོ་བཟོས་ཏེ། དེ་སྔ་ཞོ་བཞིན་འཇགས་པའི་ཤེས་རབ་ཀྱི་ཁྱིམ་ཚང་ད་ཆ་ཁྲག་བཞིན་འཁྲུག དེ་ལྟའི་འཚོ་བ་སྙིང་པོ་མེད་པར་མཐོང་སྟེ་ཤེས་རབ་དང་མཚོ་སྐྱིད་གཉེན་དོར་ཁ་ཁ་བྱས། ཕྱོགས་མང་པོའི་གནོན་ཤུགས་འོག་ཀུན་བཟང་ལྐོག་ཏུ་ལྷ་སར་གནས་སྤོ་བྱས་པས། ཤེས་རབ་ནི་དགོན་པའི་ཇ་ཡང་མེད་ལ་ཞོལ་གྱི་ཐུག་པའང་མེད་པའི་དཔེ་རུ་གྱུར། རྗེས་སུ་ཤེས་རབ་ལ་ནད་གཞི་ལྕི་མོ་ཕོག་ནས་ནད་གཡོག་བྱེད་མཁན་མེད་པ་ཤེས་རྗེས། སེམས་བཟང་ཅན་གྱི་མཚོ་སྐྱིད་ནས་སེམས་ནང་དེ་སྔའི་འཁོན་པ་འཛིན་པ་མེད་པར། ཤེས་རབ་དང་ཁྱོ་ཤུག་བསྐྱར་གསོ་བྱས་ཏེ་རང་གི་ཟླ་བོར་ནད་གཡོག་དང་ཁྱིམ་ཚང་གི་འགན་འཁྲི་ཚང་མ་ཕྲག་ཏུ་བླངས།  

སྒྲུང་འདིའི་ནང་དུ་སྤྱི་ཚོགས་ནི་རྙོག་འཛིང་ཆེ་བས། ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་འཛུགས་དགོས་པ་དང་། རྒྱུན་དུ་དཀའ་སྤྱད་དང་ཕྱར་བ་གྲུ་འདེགས་ཀྱིས་མི་ཚེ་མཉམ་དུ་སྐྱེལ་མཁན་རང་གི་བཟའ་ཟླ་བུ་ཕྲུག་དང་།  མིག་མདུན་གྱི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་གནས་ལུགས་བརྗོད་ཡོད།  དེ་དང་དེའི་དུས་མཚུངས་སུ། སེམས་བཟང་ཅན་གྱི་བོད་རིགས་བུད་མེད་ཅིག་གི་ཤ་དང་རུས་པའི་གསེང་གི་རང་གཤིས་མངོན་པར་བྱས་ཐོག དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་པ་བརྒྱུད་ཕྱོགས་སོ་སོ་ནས་འཚོ་བའི་ཐད་ཀྱི་རེ་བ་གསར་བ་མཐོང་བའི་རྣམ་པ་བཀོད་ཡོད།

བུ་ཚེ་རིང་རྒན་པ། 1968ལོར་སྐྱེས། 1989ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན། སྔ་རྗེས་སུ་སྒྲུང་གཏམ་དང་། ལྷུག་རྩོམ། སྙན་ངག་སོགས་ཀྱི་བརྩམས་ཆོས360ལྷག་ཙམ་ལྗོངས་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་དུ་སྤེལ། སྔ་རྗེས་སུ་ལྷུག་རྩོམ《རྩྭ་ཐང་གི་བུ་མོ་རྩྭ་ཐང་གི་གཏམ་རྒྱུད》དང《མེ་ཏོག་ལྟ་བུའི་ནམ་ཟླ》ཞེས་དེབ་གཉིས་དང་། སྒྲུང་གཏམ་ཐུང་འབྲིང་གི་བཏུས་དེབ《གྲོང་ཚོའི་གཏམ་རྒྱུད》དེབ་གཅིག སྒྲུང་རིང《ཆུ་མིག་དགུ་སྒྲིལ》དང《ལོ་ཟླའི་རི་མོ》《ཀྱག་ཀྱོག་གི་མི་ཚེ》གཞན་ཡང་བསྒྱུར་དེབ《ར་གསོ་ཚགས་ཇི་ལྟར་བྱེད་དགོས་སམ》དང《ཀྲུང་གོའི་གནའ་རབས་ཀྱི་གསར་གཏོད་ཆེན་པོ་བཞི》(མཉམ་སྒྱུར)བཅས་པར་སྐྲུན་བྱས། སྒྲུང་རིང《ཆུ་མིག་དགུ་སྒྲིལ》ལ་སྐབས་གསུམ་པའི་རྒྱལ་ཡོངས་གངས་རྒྱན་རྟགས་མའི་བོད་ཀྱི་རྩོམ་རིག་བྱ་དགའ་ཐོབ། སྒྲུང་རིང《ལོ་ཟླའི་རི་མོ》གཞིས་རྩེ་གྲོང་ཁྱེར་སྐབས་དང་པོའི་ཡར་ཀླུང་རྩོམ་རིག་བྱ་དགའ་ཐོབ།

གསར་འགོད་པ། འབུམ་པ་རྒྱལ།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། བསོདནམས་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།
编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心