第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > འཛམ་གླིང་གི་ཟིན་ཐོ་བཀོད་པའི་བོད་ཀྱི་བྲིས་རྒྱུན་རིང་མོ།

འཛམ་གླིང་གི་ཟིན་ཐོ་བཀོད་པའི་བོད་ཀྱི་བྲིས་རྒྱུན་རིང་མོ།

2019年12月18日 11:47:56 访问量:20

《བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་བྲིས་རྒྱུན་ཡིག་ཐང་རིང་མོ་དགེ་མཚན་དཔལ་གྱི་འོད་འབར》ཞེས་བྱ་བ་འཛམ་གླིང་ཅི་ནི་སིའི་ཟིན་ཐོར་ཚུད་པའི་དཔང་ཡིག་གི་ཞལ་འབྱེད་མཛད་སྒོ་ཟི་ལིང་དུ་བསྡུས་པ།

ཟླ10པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་མཛད་ཅིང་། བོད་ཀྱི་ཡིག་མཁན་རིག་སྨོན་བསམ་གཏན་རྒྱ་མཚོས་མཛད་པའི《བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་བྲིས་རྒྱུན་ཡིག་ཐང་རིང་མོ་དགེ་མཚན་དཔལ་གྱི་འོད་འབར》ཞེས་བྱ་བ་འཛམ་གླིང་ཅི་ནི་སིའི་ཟིན་ཐོར་ཚུད་པའི་དཔང་ཡིག་གི་ཞལ་འབྱེད་མཛད་སྒོ་གནའ་མཁར་ཟི་ལིང་དུ་གཟབ་རྒྱས་ངང་བསྡུས། ཐེངས་འདིའི་ཞལ་འབྱེད་མཛད་སྒོའི་སྟེང་དུ།མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ་དང་། ཕོ་བྲང་པོ་ཏ་ལའི་གཞུང་བྲིས་རྒྱུན་འཛིན་དང་པུར་ལེབ་ཡིག་གཟུགས་ཀྱི་སྲོལ་འབྱེད་པ་བོད་ཀྱི་ཡིག་མཁན་དགེ་མང་འཇམ་དཔལ། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོའམ་བོད་ཀྱི་ཡིག་མཁན་རྨོག་རུ་མཚོ་སྐྱེས་དོན་གྲུབ་ཚེ་རིང་། ཚོགས་གཙོ་གཞོན་པ་ཡིག་མཁན་མཁར་རྩེ་རྒྱལ་དང་བདེ་མཆོག་རྒྱལ་སོགས་བོད་ཁམས་ཀྱི་བྲིས་པ་དང་། དགོན་སྡེ་ཁག་གི་བླ་སྤྲུལ། དེ་མིན་རིག་སྨོན་བསམ་གཏན་ཁོང་གི་དགེ་རྒན་དང་སློབ་མ། གཉེན་ཉེ་དུ་དང་གྲོགས་པོ་སོགས་སྐུ་མགྲོན་མང་པོ་གཞི་གཅིག་ཏུ་འཛོམས་ཏེ་ཁོང་ལ་རྟེན་འབྲེལ་ཞུས།

《བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་བྲིས་རྒྱུན་ཡིག་ཐང་རིང་མོ་དགེ་མཚན་དཔལ་གྱི་འོད་འབར》ཞེས་བྱ་བ་འདི་ནི་རྨ་རྒྱལ་སྦོམ་རའི་ཉེ་འདབས་གངས་རི་བོད་ཡིག་བཅའ་སྡོད་སློབ་གྲྭ་ནས་བཞེངས་སྐྲུན་མཛད་པའི་ཐོག་མའི་རྟེན་འབྲེལ་འགྲིག་པ་དང་། བྲིས་པ་རིག་སྨོན་བསམ་གཏན་ལགས་ཀྱིས་ལོ་ངོ་གསུམ་གྱི་དཀའ་སྤྱད་འབད་འབུང་བརྒྱུད་དེ་ལེགས་འགྲུབ་བྱུང་བ་རེད།ཁོང་སྔ་གཞུག་ཏུ་ཁམས་ཀྱི་བྱང་སྡེ་ཉི་མ་རྫ་ཆུ་ཁ་བ་དང་། རྨ་ཆུ་སྔོན་མོའི་ཆུ་འགོ་རུ་ཆགས་པའི་མགོ་ལོག་རྨ་སྟོད་རྫོང་། མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་ན་གནས་པའི་ཕ་ཡུལ་རིག་སྨོན་སོགས་རྒྱང་ཐག་རིང་བོའི་འགྲུལ་བཞུད་སློབ་གསོའི་ཁྲོད། ཤོག་བུ་དང་སྣག་ཚ། སྙུ་གུ་དང་ཐིག་ཤིང་བཅས་ཡིག་ཆས་ཆ་ཚང་ས་གར་སོང་ལུས་ཀྱི་གྲིབ་མ་དང་ཡུལ་གང་བསྡད་ཁ་དང་ལག་པ་ཇི་བཞིན་འབྲལ་མེད་དུ་གནས་ཤིང་། སློབ་བུ་བརྒྱ་ཕྲག་དུ་མར་སློབ་ཁྲིད་བྱེད་ཞོར་དུ་ཉིན་དུས་ཀྱི་ཟས་བཅག མཚན་དུས་ཀྱི་གཉིད་བཅག་ནས་ལུས་ངལ་བའི་རྔུལ་ཆུ་ཕྲེང་བར་བརྒྱུས། སེམས་ཚེགས་པའི་སྐྱོ་བ་ཁོག་ལ་བཅུག་ནས་ཡིག་གཟུགས་ཞལ་ཐང་རིང་མོ་འདི་ཉིད་མི་ཡུལ་ལ་ཕུལ་བའི་ཟས་རིན་དང་། མ་ཡུམ་ལ་ཕུལ་བའི་ནུ་རིན་ཙམ་གྱི་དོད་དུ་རིང་ཚད་ལ་སྨི315དང་ཞེང་ལ་སྨི1.3ཅན་གྱི་ཡིག་ཐང་རིང་མོ་ལེགས་པར་གྲུབ། ཡིག་གཟུགས་ཞལ་ཐང་རིང་མོ་འདིའི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་ནི་རིང་ཚད་དང་ཞེང་ཚད་ཙམ་གྱི་ཕྱིའི་གཟུགས་དབྱིབས་རྐྱང་བ་ཞིག་མ་ཡིན་དེ། མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་ཚད་ལྡན་དང་ཁུངས་བཙུན་བཅུ་ཕྲག་ལྷག་གིས་རེ་རེ་བཞིན་འབྲི་བཞེངས་མཛད་པའི་བྲིས་རྒྱུན་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་དེ་ཡིན་ལ། ཞལ་ཐང་འདི་ནི་ང་ཚོ་སྒང་པ་བོད་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་ཟིན་ཐོ་ཐོད་བརྒལ་པ་ཞིག་ཡིན་པར་མ་ཟད། མ་འོངས་གངས་རིའི་ལྗོངས་ཀྱི་འོད་སྟོང་འབར་བའི་གཟི་བརྗིད་ཀྱི་ནོར་བུ་རིན་པོ་ཆེ་ཞིག་ཀྱང་ཡིན་ནོ།

སྤྱི་ལོ2018ལོའི་ཟླ4ཚེས25ཉིན། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་གཉིས་པ་བསུ་བའི་བྱ་འགུལ་དང་འབྲེལ་ཏེ་བྲིས་རྒྱུན་སྣ་ཚོགས་ཀྱི་ཡིག་ཐང་རིང་མོ་གསར་བཞེངས་ལེགས་གྲུབ་ཀྱི་འགྲེམ་སྟོན་མཛད་སྒོ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་གཟབ་རྒྱས་ངང་སྤེལ་པ་དང་། དེ་རྗེས་བསྟུད་མར་རྭ་རྒྱ་གྲོང་རྡལ་བཅའ་སྡོད་སློབ་གྲྭ་གཉིས་པ། རྩྭ་ཐང་བུ་མོའི་སློབ་གྲྭ། གངས་རི་བཅའ་སྡོད་སློབ་གྲྭ། རྟ་སྨད་བཅའ་སྡོད་སློབ་གྲྭ། འབའ་ཡུལ་པོ་ཏ་ལ། རྨ་བྱང་བཅའ་སྡོད་སློབ་གྲྭ། རིག་སྨོན་གྲོང་རྡལ་བཅས་སུ་ཡུལ་དངོས་འགྲེམ་སྟོན་ཐེངས8ལ་བྱས་པ་དང་། མཚོ་སྔོན་བརྙན་འཕྲིན་ཁང་དང་། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་ལྷོ་བརྙན་འཕྲིན་ཁང་། མགོ་ལོག་བརྙན་འཕྲིན་ཁང་། བཻ་རོ་ཙ་ན་སློབ་གསོ་གླིང་། ཀན་ལྷོ་ཀླུ་ཆུ་བརྙན་འཕྲིན་ཁང་བཅས་ཀྱི་འཕྲིན་ལམ་སོ་སོ་དང་དྲ་ལམ་ནས་བརྒྱུད་བསྒྲགས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་བོད་མི་ཡོངས་ཀྱིས་བསྟོད་བསྔགས་དང་དགའ་བསུ་རྒྱ་ཆེན་པོ་ཐོབ།

   

རིག་སྨོན་བསམ་གཏན་རྒྱ་མཚོ། 

མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་མི། མཚོ་སྔོན་ཞིང་ཆེན་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། ལྷ་ས་གྲོང་ཁྱེར་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། པེ་ཅིན་ཡིག་རིས་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་རིག་སྨོན་བསམ་གཏན་རྒྱ་མཚོ་ནི། སྤྱི་ལོ1977ལོའི་ཟླ11ཚེས23ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གཞོངས་སྐྱིད་ཉིན་ལུང་དཔོན་ཚང་དུ་སྐྱེས།ཆུང་དུས་ནས་སློབ་གྲྭ་ཆུང་འབྲིང་རིམ་པར་འགྲིམས་ཤིང་རང་ལོ་བཅོ་ལྔའི་སྟེང་ནས་བཟུང་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་འབྲི་རྩལ་ལ་འབད་བརྩོན་རྒྱ་ཆེར་བསྟེན། སྤྱི་ལོ1996ལོར《སྦྲང་ཆར》རྩོམ་སྒྲིག་ཁང་གི་སྐབས་གཉིས་པའི《ཐོན་མིའི་མཛུབ་རིས》མིང་ཅན་གྱི་ཡིག་གཟུགས་བྱ་དགའ་ཐོབ། སྤྱི་ལོ1997ལོར་མདོ་སྨད་བྱང་རྒྱུད་ཀྱི་ཆོས་གྲྭ་ཆེན་མོ་དཔལ་མི་འགྱུར་དྷཱིཿ  ཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་གླིང་དུ་རབ་ཏུ་བྱུང་སྟེ་དགེ་བའི་བཤེས་གཉེན་མང་པོའི་མདུན་སར་བོད་ཀྱི་ཆོས་རིག་སྣ་ཚོགས་ལ་སྦྱངས་བརྩོན་ནན་མོ་བྱས་ཤིང་། སྒོས་སུ་གདན་ས་འདི་གའི་དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་བྱང་ཆུབ་ཚང་གི་མདུན་ནས་རྗེ་ཞྭ་དམར་པཎྜིཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་ནས་བརྒྱུད་པའི་དྷཱིཿ  ཚའི་བྲིས་རྒྱུན་ཆ་ཚང་ཐོབ། 

སྤྱི་ལོ2015ལོར་གཙང་བཀྲ་ཤིས་ལྷུན་པོའི་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་ཁང་བློ་བཟང་རྡོ་རྗེ་ཚང་དང་། པོ་ཏ་ལའི་སྙེ་བྲིས་མཁན་པོ་དགེ་རྒན་འཕྲིན་ལས་རྒྱལ་མཚན་ལགས།ཁམས་ཀྱི་ཡིག་མཁན་ཆེན་མོ་མི་རྣམ་མཆོག་སྤྲུལ་ཚང་། ཨ་མདོའི་སྡེར་ནང་ས་བྲིས་མཁན་པོ་དགེན་ངག་དབང་རྒྱ་མཚོ་ཚང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོན་གྲུབ་ཚེ་རིང་། ཀན་སུའུ་ཀླུ་ཆུ་རྫོང་གི་ཡིག་མཁན་ཆེན་མོ་རྒན་རྟ་མགྲིན་མགོན་པོ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་འཇིགས་མེད་ཆོས་དར་མཆོག་བཅས་ཀྱི་མདུན་ནས་སྙེ་བྲིས། གཙང་བྲིས་དང་དབུས་བྲིས། གཞུང་བྲིས། བཀའ་བརྒྱུད་བྲབ་བྲིས། ནང་བྲིས་ནོར་བུ་མ། འབྲུ་ཚ།  སྡེར་ནང་ས་བྲིས། ལྰཉྫ་དང་ཝ་རྟུ་སོགས་ལོ་རྒྱུས་ཀྱི་རྒྱུན་རིང་ལ་བྲིས་རྒྱུན་གྱི་ཁུངས་བཙུན་པའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་མང་པོའི་བྲིས་རྒྱུན་དང་འབྲི་རྩལ་གྱི་མན་ངག་ཟབ་མོ་གང་མང་ཐོབ།

སྤྱི་ལོ2004ལོར《མི་ཡུལ་གྱི་ཟིན་ཐོ།》ཞེས་པའི་སྙན་ངག་རྩོམ་དེབ་དང་།སྤྱི་ལོ2006ལོར《སྨྱུག་རིས་ཐོན་མིའི་ཕྱག་རྒྱུན།》ཞེས་པའི་ཡིག་གཟུགས་དཔེ་དེབ་གཉིས་རིམ་པར་དཔེ་བསྐྲུན་བྱས་ཤིང་། སྤྱི་ལོ2013ལོར་བརྩམས་ཆོས《དཔལ་ལྡན་ཐོན་མིའི་སྨྱུག་ཚོམས།》ཞེས་པ་དཔར་གྲངས་ལྔ་སྟོང་ལྷག་དཔེ་བསྐྲུན་འགྲེམ་སྤེལ་བྱས་ནས་བོད་ཁུལ་གྱི་དགོན་སྡེ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་བཀྲམས་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཐོབ། 

སྤྱི་ལོ1999ལོ་ནས་བཟུང་བགྲང་བྱ་བཅུ་ཡི་རིང་ལ་མདོ་སྨད་དྷཱིཿ  ཚ་དགོན་ཆེན་ཆོས་རིག་རིན་ཆེན་སློབ་གླིང་གི་ཡིག་གཟུགས་དགེ་རྒན་གྱི་འགན་ཁུར་ལ། སྤྱི་ལོ2013ལོ་ནས་སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་འབུམ་རྙིང་དགོན་ཤེས་རིག་སློབ་གླིང་། མགོ་ལོག་ཁུལ་རྨ་སྟོད་རྫོང་རྨ་ཡུལ་ཀུན་ཕན་སློབ་གླིང་། མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་རི་བོད་ཡིག་སློབ་གྲྭ། མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་སྨད་བཅའ་སྡོད་སློབ་གྲྭ། མགོ་ལོག་ཁུལ་རྨ་ཆེན་རྫོང་རྩྭ་ཐང་བུ་མོའི་སློབ་གྲྭ། མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་སློབ་གྲྭ་གཉིས་པ། མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཞང་རྨ་ཞོལ་དབྱི་ཧྥུ་སློབ་གྲྭ་བཅས་ཀྱི་ཆེད་ཞུའི་དགེ་རྒན་དང་། མདོ་སྨད་དྷཱིཿ  ཚ་དགོན་ཆེན་བོད་ཀྱི་རིག་གཞུང་ཆེད་གཉེར་ཟབ་སྦྱོང་འཛིན་གྲྭའི་རྐང་འཛིན་དགེ་རྒན་བཅས་ཀྱི་ལས་འགན་གཅིག་ལྕོགས་སུ་བཞེས། 

སྤྱི་ལོ2014ལོའི་ཟླ7པར་མཚོ་སྔོན་བརྙན་འཕྲིན་ཁང་གི《ཁ་བའི་ཞབས་རྗེས》ལེ་ཚན་དང་མཚོ་སྔོན་རླུང་འཕྲིན་ལས་ཁུངས་ཀྱི《སློབ་རའི་འགྱུར་ཁུགས》ལེ་ཚན་བཅས་ཀྱི་བཅར་འདྲི་དང་ལེན་བྱས་ཏེ་བོད་ཀྱི་ཡིག་གཟུགས་བྱུང་འཕེལ་གྱི་ལོ་རྒྱུས་སྐོར་ནས་གཏམ་གླེང་བྱས། སྤྱི་ལོ2018ལོར་ཨ་མདོ་བརྙན་འཕྲིན་ཁང་གི《མེ་ཏོག་གངས་ལྷ》ལེ་ཚན་གྱིས་བཅར་འདྲི་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་སྦྱང་ཤིང་གི་ཕན་ནུས་དང་སྨྱུ་གུ་བཟོ་སྟངས་ཐད་ཀྱི་འཆད་ཁྲིད་གནང་། སྤྱི་ལོ2019ལོའི་ཟླ5བར་བེེ་རོ་ཙ་ན་སློབ་གསོའི་གླིང་གི་གདན་ཞུས་ལྟར་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་སྨྱུག་རིམ་འབྲི་སྟངས་སློབ་ཁྲིད་བྱས། 

སྤྱི་ལོ2016ལོའི་ཟླ10པར་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲན་བསྡུར་ཆེན་མོའི་ཕུལ་བྱུང་བྱ་དགའི་རྟགས་མ་ཐོབ། སྤྱི་ལོ2017ལོའི་ཟླ9པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྡུས་པའི《ཐོན་མིའི་མཛུབ་རིས》མིང་ཅན་གྱི་ཡིག་གཟུགས་འགྲན་སྡུར་ཐེངས་ལྔ་པའི་སྟེང་བྱ་དགའ་ཨང་གསུམ་པ་ཐོབ། སྤྱི་ལོ2017ལོའི་ཟླ11པར་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ལས་བྱེད་པའི་རིག་གནས་བྱ་འགུལ་ལྟེ་གནས་ཁང་གིས་སྤེལ་བའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ།  སྤྱི་ལོ2019ལོའི་ཟླ9བར་ཁོང་གི་བརྩམས་ཆོས་ཏེ《བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་བྲིས་རྒྱུན་ཡིག་ཐང་རིང་མོ་དགེ་མཚན་དཔལ་གྱི་འོད་འབར》ཞེས་བྱ་བར་མིག་སྔར་ཆེས་རིང་བའི་བོད་ཀྱི་ཡིག་གཟུགས་ཀྱི་ཡིག་ཐང་རིང་མོར་ཆགས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཅི་ནི་སིའི་ཟིན་ཐོར་ཚུད་ཅིང་དཔང་ཡིག་ཐོབ།

མཚོ་སྔོན་བོད་ཡིག་གསར་འགྱུར་ཀློག་འདོད་ན། 

གཤམ་གྱི་བྱ་རིམ་ཆུང་བར་དོ་སྣང་བྱེད་རྒྱུ་མ་བརྗེད། 

གསར་འགོད་པ། བསམ་འཕེལ་ནོར་བུ།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། ཚེ་རིང་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心