ཁྱིམ་བདག་ལ་ལ།༼ཟོན་ཐར་སྐྱིད།༽
2023年06月06日 09:33:03 访问量:87次
作者:算太吉
ཁེར་སྐྱེས་བྱིས་པ་ཡིན་ཞེས་ཁ་པར་ཉོས།།ཁ་རྒྱབ་ལེགས་དགོས་བསམ་ནས་སྒོར་མོ་བྱིན།།ཞ་དང་ཞོར་ལ་ཞོར་ཟས་སྟེར་མཁས་པའི།།ད་ལྟའི་ཕ་མ་མང་ཤོས་དེ་ལྟར་ཡིན།།ཕ་ལོ་ཤོ་ཁང་ཞིག་གི་སྦུག་ན་འཚང་།།མ་ལོ་ཐད་གཏོང་ཞིག་གི་ལས་ལ་བྲེལ།། བྱིས་པའི་འདུན་མ་བྱིས་པའི་སེམས་ཁམས་བཞིན།།ལན་རེ་འདི་དང་མཚམས་རེར་གན་ན་མཆིས།།རྒྱུགས་འབྲས་ལེགས་ན་མི་གཞི་འཁྱོག་སོང་རུང་།།ཕ་མའི་སེམས་ན་གོ་གནས་མཐོ་ཙམ་ཡོད།།ཐ་མག་འཐེན་ཞོར་ཐ་ཤལ་ལས་གང་ལ།།འཇུག་པའི་ལས་ནི་རྒྱུན་ལྡན་ཞིག་ཏུ་བསམ།།སློབ་གྲྭའི་སྒོ་ཐེམ་འགྲིམས་པའི་རྗེས་སོར་ནས།། བྱིས་པའི་ཡོད་ཚད་དགེན་གྱི་འགན་འཁྲི་ཡིན།།ནམ་ཞར་ཁ་པར་ཙམ་ཡང་མི་འཕྲོད་པའི།། བྱིས་པའི་འདུན་མ་གླེང་བའི་ཕ་མ་མང་།།སློབ་གསོའི་མ་ལག་བྲལ་བའི་ཁྱིམ་བདག་འགའི།།བྱིས་པའི་སེམས་ཁམས་ཀློག་ལ་མི་སྤྲོ་བར།།རང་གི་འདོད་ཕྱོགས་ཁོ་ནའི་ཁ་ལོ་ཡིས།།བྱིས་པའི་ཕུགས་བསམ་བརླགས་པ་ཤིན་ཏུ་མང་།།སྒོར་གྱི་ཡོང་སྒོ་བྱིས་པའི་མདུན་སྒོ་གཉིས།།གཅིག་ཏུ་མཐོང་ནས་རྒྱུན་གྱི་འཚོ་བར་ཡང་།།བྱིས་པ་འགྲོགས་འདྲེས་མེད་པའི་ངང་ཚུལ་ཏེ།།བསམ་ན་ཕ་མའི་འགན་འཁྲི་གང་ན་ཡོད།།དོན་གྱི་སློབ་གསོའི་ངོ་བོ་མ་རྟོགས་ཡང་།།བྱིས་པའི་ལུས་ངག་སེམས་ཀྱི་འགྱུར་ལྡོག་ལ།། ཅུང་ཙམ་བརྟགས་ནས་སེམས་ཀྱིས་གླེང་ཡོད་ན།།རྒྱུགས་འབྲས་མངོན་ཡང་སེམས་དེ་འཚབ་དོན་མེད།།བྱིས་པའི་འདུན་མ་བསམ་ན་ཉིན་དང་ཟླ།།མ་ཆད་མ་ལྷག་དུས་ཀྱི་རྒྱུ་བའི་ཁྲོད།།མི་མཁོ་དངོས་དང་ཟས་ཀྱི་ལོངས་སྤྱོད་གང་།། སྐྱེས་སུ་ཕུལ་ན་གོམས་པར་མ་འཇུག་རོགས།།སློབ་གྲྭ་འགྲིམས་ཀྱང་བྱིས་པ་རང་ཉིད་ཀྱི།།ཡིན་པ་རྟོགས་ན་ཡོད་ཚད་དགེ་རྒན་ལ།།བཅོལ་ཡོད་ཚིག་ལ་བློ་ཡི་ཞིབ་མོའི་ངང་།། གཞིགས་ནས་འགན་འཁྲི་ཅུང་ཙམ་ལེན་པར་གྱིས།།མ་ལོའི་ཡོད་ཚད་བྱིས་པའི་བག་ཆགས་ཡིན།།ཕ་ལོའི་ཅི་བསྒྲུབས་བྱིས་པའི་མིག་དཔེ་ཡིན།།ཕ་མ་བཟང་ན་བྱིས་པའི་འབྱུང་འགྱུར་ཡང་།།ལེགས་པའི་ལམ་དུ་འཇུག་པར་གདོན་མི་ཟ།།མི་གཤིས་དྭངས་མོ་མི་ཡི་འཚོ་བ་ལ།།རིན་ཆེན་གསེར་ལས་ལྷག་པའི་རིན་ཐང་ཡོད།། རིག་པའི་གནས་ལ་སློབ་པའི་མཐའ་འབྲས་ཡང་།།རྒྱུགས་འབྲས་ཁོ་ན་མིན་པ་ངེས་ཤེས་མཛོད།།
编辑:扎西加